ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་དུས་ངེས་མེད་དུ་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བདུན་ཉིན་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་སི་རི་ཡཱའི་བྱང་ཕྱོགས་ཀྱི་འབྲེལ་ཡོད་ས་ཁོངས་ནས་ཕྱིར་འཐེན་བྱེད་མགོ་བརྩམས་པ་དང་། ཐུར་ཁེ་ཡིས་དུས་ངེས་མེད་དུ་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་ངོས་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་སྲིད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཚེས་དྲུག་ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའ་་ལ་ཁ་པར་བཏང་སྟེ། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཐུར་ཁེའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པ་དང་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གཙང་ཕྱགས་བྱེད་པའི་ཐག་བཅད་ཡོད་ལ། དུས་ངེས་མེད་དུ་དམག་དོན་འགུལ་སྐྱོད་སྤེལ་ངེས་ཡིན་ཟེར། ཨ་མེ་རི་ཁས་འབྲེལ་ཡོད་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་མགོ་བརྩམས་ཟེར། ཁོས་དམག་དོན་འགུལ་སྐྱོད་ཀྱི་ནང་དོན་ཞིབ་རྒྱས་གསལ་བོར་བརྗོད་མེད། 

ཨེ་ཨར་ཏའོ་ཨན་གྱིས་ད་རུང་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་འབྲེལ་ཡོད་ས་ཁུལ་ནས་ཕྱིར་འཐེན་བྱས་རྗེས། ས་ཁོངས་དེ་ནང་འདས་པའི་ལོ་གཉིས་ནང་འཛིན་བཟུང་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་བཟུང་དམག་རྣམས་ལ་ཐུར་ཁེ་ཕྱོགས་ཀྱིས་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། ཐུར་ཁེ་ཕྱོགས་ཀྱིས་ཐག་གཅོད་ཇུས་གཞིར་ཞིབ་འཇུག་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་དྲུག་ཉིན་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་མི་བྱེད་པ་དང་དེའི་ནང་ཞུགས་མི་སྲིད་ལ། ཨ་མེ་རི་ཁའི་དམག་དཔུང་འབྲེལ་ཡོད་ས་ཁུལ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཚེས་ལྔ་ཉིན་བསྟན་དོན། ཐུར་ཁེ་ཡིས་ཉེ་ལམ་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་ངོས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་འགུལ་སྐྱོད་བྱེད་པའི་ཁུའུ་ཨར་ཏི་དྲག་ཆས་པ་གཙང་ཕྱགས་བྱས་ཏེ་སི་རི་ཡཱ་ནས་བདེ་འཇགས་ས་ཁུལ་འཛུགས་རྒྱུ་ཡིན་ཟེར།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།