ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱ་ཡིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱ་ཡིས་ཚེས་དྲུག་ཉིན་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་ཏེ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། འདེམ་སྒུག་མི་སྣ་ཁྲི་གཅིག་དང་སྟོང་ལྔ་ལྷག་འདེམ་བསྐོར་ཞུགས་ཏེ་གྲོས་མིའི་ལས་གནས་ཉིས་བརྒྱ་དང་བཅུ་བདུན་ལ་འགྲན་རྩོད་བྱས། 

   ཐུ་ནི་ཞི་ཡཱའི་ཆེས་མཐོའི་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཐུ་ནི་ཞི་ཡཱ་ཡིས་བསྡོམས་པས་ཚད་ལྡན་གྱི་འདེམ་དམངས་ས་ཡ་བདུན་ལྷག་ཐོ་འགོད་བྱས་ཡོད། རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་སྟོང་གསུམ་ལྷག་ནས་སྔ་དྲོའི་དུས་ཚོད་བརྒྱད་ནས་ཕྱི་དྲོའི་དུས་ཚོད་བཞིའི་བར་འདེམ་ཤོག་འཕངས། ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཡིས་བསྟན་དོན། ཉེན་རྟོག་ཕྱོགས་དང་བདེ་སྲུང་མི་སྣ་མང་བོ་འབྲེལ་ཡོད་ཀྱི་འདེམ་བསྐོའི་ལས་ཁུངས་དང་འདེམ་ཤོག་འཕེན་སར་བཀོད་སྒྲིག་བྱས་ཡོད་པར་མ་ཟད། གློ་བུར་དུ་བྱུང་བའི་གནས་ཚུལ་ཐག་གཅོད་བྱེད་པའི་ཇུས་གཞི་བཏོན་ཡོད། མིག་སྔར་འདེམ་བསྐོའི་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད། 

    འདེམ་བསྐོ་ལ་ཞུགས་པའི་མི་སྣ་དག་ནི་ཐུ་ནི་ཞི་ཡཱའི་ཏང་ཁག་སོ་སོ་དང་ཏང་ཁག་མནའ་འབྲེལ་དག་ནས་ཡོང་བ་ཡིན་ལ། དེ་མིན་སྒེར་གྱི་འདེམ་སྒུག་མཁན་ཡང་ཡོད་པ་རེད། ཐུ་ནི་ཞི་ཡཱའི་རྩ་ཁྲིམས་ལ་གཞིགས་ན། ཉུང་མཐར་ཡང་གྲོས་མིའི་ལས་གནས་བརྒྱ་དང་དགུ་ཐོབ་པའི་ཏང་ཁག་ལ་ཙུང་ལིའི་མིང་འདོན་པ་དང་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་ཡོད་པ་རེད། 

   ཐུ་ནི་ཞི་ཡཱའི་ཆེས་མཐོའི་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་གྱི་དགོང་མོར་འདེམ་ཤོག་ལ་བསྡོམས་རྩིས་བྱེད་མགོ་རྩོམ་རྒྱུ་ཡིན་པ་དང་། ཐོག་མའི་མཇུག་འབྲས་དེ་ཚེས་བཅུ་ཉིན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ལ། ཆེས་མཇུག་མཐའི་མཇུག་འབྲས་དེ་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་ཁྱབ་སྒྲོག་བྱེད་རྒྱུ་རེད།  །


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།