ཀྲུང་གོ་བོད་ཀྱི་དྲ་བ།

བྷང་ག་ལཱ་དང་རྒྱ་གར་གྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བདུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་དུ་འཚམས་འདྲི་བྱེད་བཞིན་པའི་བྷང་ག་ལཱའི་ཙུང་ལི་ཧཱ་ཞི་ནཱ་ཡིས་ཚེས་ལྔ་ཉིན་རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བདུན་བཀོད། 

བྷང་ག་ལཱའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། གོང་གི་མཉམ་ལས་ཡིག་ཆ་ནི་མཚོ་འགྲམ་གྱི་ལྟ་རྟོག་མ་ལག་ཅིག་འདོན་སྤྲོད་བྱེད་པའི་བཟོད་སྒོམ་བརྗེད་ཐོ་ཡིན་པ་དང་། བྷང་ག་ལཱའི་ཅི་ཏཱ་གྲུ་ཁ་དང་མིན་ཀི་ལཱ་གྲུ་ཁ་ནས་དངོས་ཟོང་ནང་འདྲེན་ཕྱིར་གཏོང་བྱེད་པ་ནས་རྒྱ་གར་གྱི་ཚད་ལྡན་བྱེད་སྒོའི་གཏན་འབེབ་བྱེད་པའི་ལས་རིམ། རྒྱ་གར་གྱིས་བྷང་ག་ལཱའི་ཧྥུན་ནེ་གཙང་བོ་ནས་ཆུ་བླངས་ཏེ་རྒྱ་གར་བྱང་ཤར་ཕྱོགས་ཀྱི་ཐི་ལི་ཕུའུ་ལཱ་པང་གི་གྲོང་ཁྱེར་རེ་འགའི་ཉིན་རྒྱུན་གྱི་འཐུང་ཆུར་འདོན་སྤྲོད་བྱེད་པའི་བཟོད་སྒོམ་བརྗེད་ཐོ། རྒྱ་གར་གྱིས་བྷང་ག་ལཱ་རྒྱལ་ཁབ་ལ་ཁས་ལེན་བྱས་པའི་ཡིད་རྟོན་དངུལ་བུན་འདོན་སྤྲོད་བྱེད་པའི་ལག་བསྟར་གྲོས་མཐུན། རྒྱ་གར་གྱི་ཧེ་ཏི་ལཱ་པ་སློབ་ཆེན་དང་ཏཱ་ཁཱ་སློབ་ཆེན་གྱི་མཉམ་ལས་བཟོད་སྒོམ་བརྗེད་ཐོ། དེ་མིན་དེའི་སྔོན་གྱི་ན་གཞོན་ལས་དོན་གྱི་བརྗེ་རེས་མཉམ་ལས་དང་འབྲེལ་བའི་བཟོད་སྒོམ་བརྗེད་ཐོ་བཅས་ཡིན་ཟེར། 

ཧཱ་ཞི་ནཱ་ཡིས་བསྟན་དོན། འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱིས་ད་རུང་རྒྱ་མཚོའི་དཔལ་འབྱོར་དང་མཚོ་འགྲུལ་ལས་དོན། ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པ། བར་སྣང་གི་ཞིབ་འཇུག དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས། 

རྒྱ་གར་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། མའོ་ཏིས་ཀྱིས་ཉིན་དེར་ཧཱ་ཞི་ནཱ་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ལས་གཞི་གསུམ་སྤེལ་མགོ་བརྩམས་པ་དང་། དེའི་ནང་ལས་གཞི་སྣ་གཅིག་ནི་བྷང་ག་ལཱ་ནས་གཤེར་གཟུགས་རྡོ་སྣུམ་ནང་འདྲེན་བྱས་ཏེ་རྒྱ་གར་བྱང་ཤར་ས་ཁུལ་དུ་བསྐྱལ་བའི་ལས་གཞི་རེད། མའོ་ཏིས་ཀྱིས་བཤད་རྒྱུར། རྒྱ་གར་གྱིས་བྷང་ག་ལཱའི་བར་གྱི་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་འབྲེལ་བ་ནི་ཕྱོགས་གཉིས་ཀྱི་ང་རྒྱལ་ཡིན་ཟེར། 

ཧཱ་ཞི་ནཱ་ནི་ཟླ་བཅུ་བའི་ཚེས་གསུམ་ཉིན་རྒྱ་གར་དུ་འབྱོར་བ་དང་། ཟླ་བཅུ་བའི་ཚེས་དྲུག་ཉིན་ཕྱིར་བྷང་ག་ལཱ་རུ་ལོག་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།