ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཇུས་གཞི་གསར་བ་དང་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཚེས་གཉིས་ཉིན་མན་ཁྲེ་སི་ཐི་ནས་སྤེལ་བའི་བག་འཁུམ་ཏང་གི་ལོ་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཇུས་གཞི་གསར་བའི་བྱེ་བྲག་གི་ནང་དོན་སྐོར་ཞིག་ཁྱབ་སྒྲོག་བྱས། ཁོས་བཤད་རྒྱུར། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཇུས་གཞི་གསར་བ་དེ་དང་ལེན་མ་བྱས་ན། དབྱིན་ཇི་ཡིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྲོས་མཐུན་མེད་པར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་རྒྱུ་ཡིན་ཟེར། 

ཡའོ་ཧན་ཞོན་གྱིས་བསྟན་དོན། ཇུས་གཞི་གསར་བ་ལྟར་ན། དབྱིན་ཇི་ཡིས་དབྱིན་ཇིའི་ཨིར་ལན་བྱང་མ་ས་ཁུལ་དང་ཨིར་ལན་གྱི་མཐའ་མཚམས་ས་ཁུལ་དུ་ཞིབ་བཤེར་ས་ཚིགས་བཀོད་སྒྲིག་བྱེད་མི་སྲིད་པ་དང་། ལག་རྩལ་བྱེད་ཐབས་ལ་བརྟེན་ནས་ཚ་དྲག་གི་སྣང་ཚུལ་འབྱུང་བར་སྔོན་འགོག་བྱས་ཏེ། ཨིར་ལན་བྱང་མ་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་དང་རྒྱལ་མཚམས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ནས་དབྱིན་ཇིའི་མངའ་ཁོངས་ཆ་ཚང་བའི་སྒོ་ནས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། 

ཁོས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཇུས་གཞི་གསར་བ་ནི་འཛུགས་སྐྲུན་རང་བཞིན་ལྡན་པའི་ལུགས་མཐུན་གྱི་གྲོས་གཞི་ཞིག་ཡིན་པ་དང་། དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཀྱི་རྣམ་དག་གི་བསམ་པ་མཚོན་ཡོད། དེའི་ལན་དུ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀུ་ཡངས་ཅུང་ཙམ་གཏོང་དགོས། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཇུས་གཞི་གསར་བ་དེ་དང་ལེན་མི་བྱེད་ན། དབྱིན་ཇི་ཡིས་མུ་མཐུད་དུ་གྲོས་མོལ་བྱེད་མི་སྲིད་པ་དང་། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྲོས་མཐུན་མེད་པར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་རྒྱུ་ཡིན་ཟེར། 

དབྱིན་ཇིའི་སྲིད་གཞུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཇུས་གཞི་གསར་བ་དེ་ཡོ་རོབ་གླིང་མནའ་འབྲེལ་ལ་སྤྲོད་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དཔོན་རིགས་ཀྱིས་ཀྱང་ཉིན་དེར་དངོས་ཡོད་དང་མཐུན་པར་ཇུས་གཞི་དེར་བརྡར་གཅོད་བྱེད་དགོས་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།