ཀྲུང་གོ་བོད་ཀྱི་དྲ་བ།

མུས་ནཱ་ཞེས་པའི་དྲག་རླུང་ལས་ཧན་གོ་ནས་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་སྲིད་གཞུང་སྡེ་ཁག་གིས་ཚེས་གསུམ་ཉིན་གྱི་དགོང་མོར་ཁས་ལེན་བྱས་དོན། མུས་ནཱ་ཞེས་པའི་དྲག་རླུང་གི་འཇིགས་པ་ལས་ཧན་གོ་ནས་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ནམ་བརྡའི་བརྟག་དཔྱད་སྡེ་ཁག་གིས་སྤེལ་བའི་བརྡ་འཕྲིན་ལྟར་ན། མུས་ནཱ་ཞེས་པའི་དྲག་རླུང་དེ་ཚེས་གཉིས་ཉིན་གྱི་དགོང་མོར་ཧན་གོའི་ལྷོ་ནུབ་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་ནས་སྐམ་སར་བུད་དེ། ཧན་གོའི་ལྷོ་ཕྱོགས་ས་ཁུལ་དུ་ཁ་ཕྱོགས་བསྒྱུར། ཚེས་གསུམ་ཉིན་གྱི་ཞོགས་པར་ཁྲའོ་ཞན་ཕྱེད་གླིང་ཤར་ཕྱོགས་ཀྱི་མཚོ་ཁོངས་སུ་བསྐྱོད། དྲག་རླུང་དེ་ལས་དྲག་ཆར་དང་རླུང་ཆེན་གྱི་ནམ་ཟླ་བྱུང་བ་དང་། ས་ཁུལ་མང་བོ་ནས་རི་ཉིལ་བ་དང་ཁང་བར་རྡིབས་སྐྱོན་བྱུང་བ། མེ་འཁོར་ལྕགས་ལམ་ལས་བརྒལ་བ་སོགས་ཀྱི་དོན་རྐྱེན་བྱུང་། 

ཧན་གོའི་ཀྲུང་དབྱང་གནོད་འཚེའི་བདེ་འཇགས་ཇུས་འདོན་ལས་ཁུངས་ཀྱིས་ཁས་ལེན་བྱས་པ་ལྟར་ན། ཚེས་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བདུན་བར་དྲག་རླུང་དེ་ལས་ཧན་གོ་རུ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་གར་སོང་རྙེད་མེད་ལ། མི་མང་བོར་རྨས་ཕོག་ཡོད་ཟེར། རི་ཉིལ་བ་དང་ཁང་བར་རྡིབས་སྐྱོན་བྱུང་བ་ལས་མི་རེ་འགའ་འོག་ཏུ་མནན་ཡོད་པས། ཚོད་དཔག་བྱས་ན་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད། 

ཧན་གོའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དྲག་རླུང་གི་ཐད་ཀར་འཇིགས་པ་ཐེབས་པའི་ཧན་གོའི་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་ཚེས་གཉིས་ཉིན་གྱི་ནམ་གུང་ནས་ཚེས་གསུམ་ཉིན་གྱི་སྔ་དྲོའི་བར་ཆར་འབབ་ཚད་ཧའོ་རྨིད་བརྒྱ་ཕྲག་འགར་བསླེབས་ཡོད། དྲག་རླུང་གི་ཤུགས་རྐྱེན་ལས་ལྷོ་ཕྱོགས་ས་ཁུལ་གྱི་མི་བརྒྱ་ཕྲག་འགའི་སྡོད་ཁང་ལ་གཏོར་བརླག་ཐེབས་ཡོད་པ་དང་། མི་སྟོང་གཅིག་དང་ལྔ་བརྒྱ་ལྷག་མྱུར་མོར་བདེ་འཇགས་ཀྱི་ཡུལ་དུ་བསྐྱལ་ཡོད་ལ། ཁྱིམ་ཚང་ཁྲི་བཞི་ལྷག་ལ་གློག་ཆད་ཡོད་ཟེར། 

ཧན་གོའི་སྲིད་གཞུང་གིས་བསྟན་དོན། མི་ཤུགས་དང་སྒྲིག་ཆས་མང་བོ་སྐུལ་སློང་བྱས་ཏེ་གནོད་ཐེབས་རྗེས་ཀྱི་རྒུད་སྐྱོབ་དང་སླར་གསོའི་བྱ་བ་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།