ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཙུང་ཐུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁའི་ཕྱོགས་གཅིག་རིང་ལུགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟ། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཟླ་བཅུ་བའི་ཚེས་གཅིག་ཉིན་ཨེ་མེ་ནི་ཡཱའི་རྒྱལ་ས་ཨེ་ལི་ཝུན་ནས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁའི་ཕྱོགས་གཅིག་རིང་ལུགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཆེས་མཐོ་དབང་ཤུགས་ལས་ཁུངས་ཀྱི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཁང་གི་གྲོས་ཚོགས་ཚེས་གཅིག་ཉིན་ཨེ་ལི་ཝུན་ནས་སྤེལ་བ་དང་། ལུའུ་ཧཱ་ནེ་ཡིས་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་སྤེལ། ཨེ་མེ་ནི་ཡཱའི་གསར་འགྱུར་དྲ་བས་བསྒྲགས་པ་ལྟར་ན། ལུའུ་ཧཱ་ནེ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། རྒྱལ་ཁབ་ཚང་མས་ངེས་པར་དུ་ཕྱོགས་གཅིག་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་འགན་འཁྲི་ཁུར་དུ་ལེན་དགོས་ཟེར། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་ལ་དམིགས་པའི་གནོན་ཤུགས་སྟེར་བའི་སྲིད་ཇུས་དེ་དབྱི་ལིང་གི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་དཔལ་འབྱོར་འཇིགས་སྐུལ་རིང་ལུགས་སུ་འགྱུར་བཞིན་ཡོད་པའི་ཚུལ་བསྟན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་དང་བྱེད་ཐབས་སྤྱད་ནས་ཨ་མེ་རི་ཁའི་ཕྱོགས་གཅིག་རིང་ལུགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། མིག་སྔའི་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་འོག ས་ཁུལ་སོ་སོའི་མཉམ་ལས་ནི་ཡང་དག་པའི་གདམ་གསེས་ཉག་ཅིག་རེད་ཟེར། 

ཨུ་རུ་སི་དང་ཨེ་མེ་ནི་ཡཱ། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཨུ་རུ་སི་དཀར་པོ་བཅས་རྒྱལ་ཁབ་ལྔའི་མགོ་ཁྲིད་པ་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་པ་དང་། གྲོས་ཚོགས་ལ་ཞུགས་མཁན་དག་གིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ནང་ཁུལ་དུ་གཅིག་གྱུར་གྱི་དངུལ་ལོར་ཚོང་ར་འཛུགས་པ་དང་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནང་འདྲེན་སྒོ་ཁྲལ་ལེགས་སྒྲིག ཁོངས་གཏོགས་རྒྱལ་ཁབ་ཀྱི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་དང་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་སོགས་གྲོས་གཞིར་གྲོས་བསྡུར་བྱས། ལུའུ་ཧཱ་ནེ་དང་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གཉིས་སྐུ་མགྲོན་གྱི་ཚུལ་དུ་རྒྱ་བསྐྱེད་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་སྐབས་སུ། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དང་སིང་ག་ཕོར་གྱིས་རང་དབང་ཉོ་ཚོ་གྲོས་ཆོད་བཀོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།