ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་གྱི་མགོ་ཁྲིད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་མང་བོའི་མགོ་ཁྲིད་པ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་མགོ་ཁྲིད་པ། སྔོན་ཆད་ཀྱི་ཆབ་སྲིད་མགོ་ཁྲིད་པ་བཅས་ཀྱིས་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ན་ལོ་ངོ་བདུན་ཅུ་འགོར་བའི་སྐབས་སུ། ངས་ཧྥ་རན་སིའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་དགའ་སྟོན་རྟེན་འབྲེལ་ཞུས་པ་ཡིན། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་རྒྱུན་རིང་ཞིང་རྒྱལ་ཁབ་གཉིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། མིའི་རིགས་ཀྱི་སྤྱི་ཚོགས་ལ་དམིགས་བསལ་གྱི་འགན་ཁུར་ཡོད། ངས་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བ་དང་ཕྱོགས་མང་རིང་ལུགས་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་བསྟན་དོན། ངས་འཇར་པན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་མི་དམངས་ལ་རྟེན་འབྲེལ་ཞུ་བཞིན་ཡོད། ཀྲུང་གོས་གྲུབ་འབྲས་གང་ལེགས་བླངས་ནས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོགས་ཁག་ཨང་གཉིས་པར་གྱུར་ཡོད་ལ། ངས་དོན་དེར་གུས་སེམས་སྟོན་བཞིན་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་དུས་རབས་གསར་བ་གསར་འབྱེད་བྱེད་འདོད་ཡོད་ཟེར། 

ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་བསྟན་དོན། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོས་ཁྱབ་ཁོངས་སོ་སོ་ནས་འོད་སྟོང་འབར་བའི་གྲུབ་འབྲས་བླངས་ཡོད་ཅིང་། ཁྱེད་ཀྱི་མགོ་ཁྲིད་འོག་ཏུ་ཀྲུང་གོས་མུ་མཐུད་དུ་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་དར་རྒྱས་ཐད་བྱས་རྗེས་འཇོག་པར་རེ་སྒུག་བྱས་ཡོད། ངས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཧན་གོ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཁམ་ཕུ་ཀྲེའི་རྒྱལ་བོ་ཞི་ཧཱ་མའོ་ནེ་ཡིས་བསྟན་དོན། འདས་པའི་ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཞི་བདེ་དང་གཏན་འཇགས་སྲུང་འཛིན་བྱས་ཏེ། ཧ་ལས་པའི་མྱུར་ཚད་ཀྱིས་དར་རྒྱས་དང་འཕེལ་རྒྱས་མངོན་འགྱུར་བྱས། ངས་ཞི་ཅིན་ཕིང་གིས་བཏོན་པའི་བརྒྱུད་གཅིག་ལམ་གཅིག་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་འདོད་བློར་སྐུལ་འདེད་བཏང་བར་གཟེངས་བསྟོད་བྱས། ཁམ་པུ་ཀྲེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་དུས་རབས་མང་བོར་མཛའ་བརྩེ་ཟབ་མོ་ཡོད་ལ། ཁམ་པུ་ཀྲེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱོགས་སུ་ལངས་སྲིད་ཟེར། 

སིང་ག་ཕོར་གྱི་ཙུང་ཐུང་ཧཱ་ལེ་མཱ་ཡིས་བསྟན་དོན། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོར་གནམ་ས་བླ་འོག་བརྗེ་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། འགྲན་རྩོད་སྣ་ཚོགས་ཁྱད་དུ་བསལ་ནས། དཔལ་འབྱོར་གྱི་མགྱོགས་མྱུར་འཕར་སྣོན་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་འགྲོ་བ་མངོན་འགྱུར་བྱས་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་པར་མ་ཟད་ས་ཁུལ་དང་འཛམ་གླིང་ཡོངས་ལ་ཕན་ཐོགས་བསྐྲུན་ཡོད་ཟེར། 

ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་བསྟན་དོན། ཧྥེ་ལེ་པེན་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་དང་མཉམ་དུ། ཀྲུང་གོས་རྒྱལ་ཁབ་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་མོར་རྟེན་འབྲེལ་ཞུ་བཞིན་ཡོད་ཟེར། 

ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོས་ལོ་ངོ་བདུན་ཅུའི་ནང་རྒྱལ་སྤྱིའི་ཤུགས་རྐྱེན་ཆེས་ཆེ་བའི་རྒྱལ་ཁབ་ཏུ་གྱུར་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱས་པ་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་དམིགས་བསལ་གྱི་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།