ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉི་ཤུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཞེ་པེ་ལེ་ཞོལ་མ་ཀྲིག་ནས་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་དྲག་ཆས་རྩ་འཛུགས་ལ་དཔུང་འཇུག་བྱས་ཏེ། དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཧི་སེ་ཡུན་གྱིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་ལ་དེའི་སྔོན་གསང་འཕྲིན་འབྱོར་ནས། ན་གཞོན་ཏང་ཞེས་པའི་དྲག་ཆས་ཉེས་ཅན་མང་བོ་ཞེ་པེ་ལེ་ཞོལ་མ་ཀྲིག་གི་ཨོ་ཏིས་ཀི་ལེ་གྲོང་རྡལ་ཉེ་འདབས་སུ་འདུས་ཡོད་པ་དང་། སྲིད་གཞུང་དམག་དཔུང་གི་རྟེན་གཞིར་འཇབ་རྒོལ་བྱེད་རྩིས་ཡོད་པ་ཤེས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཆེད་མངག་ཚོགས་པའི་རོགས་རམ་འོག་ཏུ། སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་ན་གཞོན་ཏང་ཞེས་པའི་དྲག་ཆས་པར་དཔུང་འཇུག་བྱས་ནས་དྲག་ཆས་ཉེས་ཅན་ཉི་ཤུ་བསད་པ་དང་། དེའི་ནང་ཧཱ་སིང-ཅཱ་པུའུ་ལི་ལེ་ཞེས་པའི་མཐོ་རིམ་མགོ་བ་ཞིག་ཀྱང་འདུས་ཡོད་ཟེར། 

ས་དེའི་སྡོད་དམངས་ཧཱ་པཱ་ཏི་ཡིས་གསར་འགོད་པར་བཤད་རྒྱུར། ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་འཁྲུག་རྩོད་དྲག་པོ་བྱེད་པའི་སྒྲ་བར་མེད་དུ་གྲགས་པ་དང་། མེ་སྒྱོགས་རེ་འགའ་ཁོ་སྡོད་སའི་སྡེ་བའི་ནང་ལྷུང་ནས་སྡོད་དམངས་རྣམས་ལ་འཇིགས་དངངས་ཆེན་པོ་བཟོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།