ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་དང་དབྱི་རག་གིས་མཐའ་མཚམས་ཀྱི་ལམ་ཁ་གཙོ་བོ་ཡང་བསྐྱར་སྒོ་འབྱེད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་དང་དབྱི་རག་ནུབ་ཕྱོགས་ཀྱི་ཅཱ་དབྱེ་མུའུ་གྲོང་རྡལ་གཉིས་གཅིག་ཏུ་སྦྲེལ་བའི་ལམ་ཁ་དེ་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་ཡང་བསྐྱར་སྒོ་འབྱེད་བྱས་པ་དང་། རྒྱལ་ཁབ་གཉིས་བར་གྱི་མི་སྣ་དང་དངོས་ཟོང་སོགས་ལམ་ཁ་དེ་བརྒྱུད་ནས་ཕན་ཚུན་སྐྱེལ་འདྲེན་བྱེད་མགོ་བརྩམས།

སི་རི་ཡཱ་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དཔོན་རིགས་ཉིན་དེར་བསྡུས་པའི་ལམ་ཁའི་བསྐྱར་འབྱེད་མཛད་སྒོར་ཞུགས། གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། ལམ་ཁའི་གཞུང་ལམ་བསྐྱར་ལས་བྱས་ཡོད་ཅིང་། སི་རི་ཡཱའི་སྨན་བཅོས་དང་མེ་གསོད་མི་སྣས་སི་རི་ཡཱའི་ཕྱོགས་གཏན་སྲུང་བྱས་ཡོད་ལ། ཉིན་དེར་རླངས་འཁོར་མང་བོ་གཅིག་རྗེས་གཉིས་མཐུད་དུ་ལམ་ཁ་དེ་བརྒྱུད་ནས་ཕན་ཚུན་གྱི་རྒྱལ་ཁོངས་སུ་འགྲོ་བཞིན་ཡོད་པ་རེད། 

སི་རི་ཡཱའི་ནང་སྲིད་བློན་ཆེན་ལཱ་ཧི་མིན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་པུའུ་ཁཱ་མེད་ལེ་ལམ་ཁ་ཡང་བསྐྱར་འབྱེད་པ་ལས་སི་རི་ཡཱ་དང་དབྱི་རག་གི་ཉོ་ཚོང་བརྗེ་རེས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་ཟོང་སྐྱེལ་འདྲེན་དང་མི་སྣའི་འགྲོ་འོང་ལ་སྟབས་བདེ་བཟོ་ཐུབ་པར་མ་ཟད། སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར་བཅས་ཀྱི་ཕན་འབྲས་མང་བོ་ཐོན་ཐུབ་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།