རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཡེ་མིན་ཧུའུ་སེ་དྲག་ཆས་པས་བཟུང་དམག་ཉིས་བརྒྱ་དང་དགུ་བཅུ་ཕྱིར་བཏང་ཡོད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཡེ་མིན་དུ་སྡོད་པའི་ལས་ཁུངས་ཀྱིས་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཡེ་མིན་ཧུའུ་སེ་དྲག་ཆས་པས་ཉིན་དེར་བཟུང་དམག་ཉིས་བརྒྱ་དང་དགུ་བཅུ་ཕྱིར་བཏང་ཡོད་ཟེར། 

རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཡེ་མིན་དུ་སྡོད་པའི་ལས་ཁུངས་ཀྱི་འགན་ཁུར་བ་ཧྥོ་ལིང་ཚི-ལའོ་ཧྲི་ཐེ་ཡུན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨུ་ཡོན་ལྷན་ཁང་དེ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་བྱས་འོག ཧུའུ་སེ་དྲག་ཆས་པས་ཉིན་དེར་ཕྱོགས་གཅིག་ནས་བཟུང་དམག་ཉིས་བརྒྱ་དང་དགུ་བཅུ་ཕྱིར་བཏང་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཧུའུ་སེ་དྲག་ཆས་པས་བཟུང་དམག་ཕྱིར་བཏང་བར་དགའ་བསུ་ཞུས་པ་དང་། ཐེངས་འདིར་བཟུང་དམག་ཕྱིར་བཏང་བ་ལས་ཕྱོགས་སོ་སོས་བཟུང་དམག་བརྗེ་སྤོར་བྱེད་པའི་གྲོས་མཐུན་དངོས་འབེབ་བྱེད་པར་སྐུལ་འདེད་ཐུབ་པའི་རེ་བ་ཡོད་ཟེར། 

ཧུའུ་སེ་དྲག་ཆས་པས་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་གྱི་སྔ་དྲོར་རང་གིས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་བརྒྱུད་དེ། ཕྱིར་བཏང་བའི་བཟུང་དམག་ཁ་གྲངས་སུམ་བརྒྱ་དང་ལྔ་བཅུ་ཡིན་པའི་ཚུལ་བསྟན་པ་དང་། ཡེ་མིན་སྲིད་གཞུང་དང་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་བྱེད་ཐབས་གཅིག་མཚུངས་སྤྱོད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།