ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཞིབ་དཔྱོད་དཔོན་པོར་ལས་ཁུངས་བཅོས་བསྒྱུར་གྱི་ཇུས་གཞི་སྤྲོད་དགོས་པའི་མཛུབ་སྟོན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཆིན་ཝ་ཐེ་ནས་ཧན་གོའི་ཁྲིམས་དོན་པུའུ་ཀྲང་ཚའོ་གོ་ཡི་བྱ་བའི་སྙན་ཞུར་ཉན་སྐབས་བསྟན་དོན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་ཁང་གི་བཅོས་བསྒྱུར་ཐད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་བཅོས་བསྒྱུར་གྱི་སྙིང་བོར་འགྱུར་དགོས་ཟེར། ཝུན་ཙེ་ཡུན་གྱིས་ད་རུང་ཞིབ་དཔྱོད་ཁང་གི་དཔོན་པོ་ཡུན་ཞེ་ཡའོ་ཡིས་སྔ་མོ་ནས་བཅོས་བསྒྱུར་ཇུས་གཞི་སྤྲོད་དགོས་པའི་མཛུབ་སྟོན་གནང་། 

བསྒྲགས་པ་ལྟར་ན། ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ནི་ཁྲིམས་དོན་པུའུ་ཀྲང་ཚའོ་གོ་ཡིས་འགན་ཁུར་བའི་ཚུན་ལ་ཝུན་ཙེ་ཡུན་གྱིས་ཐོག་དང་པོར་དེའི་བྱ་བའི་སྙན་ཞུར་ཉན་པ་རེད། ཆིན་ཝ་ཐེ་ཡི་མགྲིན་ཚབ་པ་ཀའོ་ཝུན་ཐིན་གྱིས་ཉིན་དེར་བསྟན་དོན། ཝུན་ཙེ་ཡུན་གྱིས་ཞིབ་དཔྱོད་ཕྱོགས་ཀྱིས་རྒྱལ་དམངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅོས་བསྒྱུར་དང་འབྲེལ་བའི་འབོད་སྒྲར་ཉན་པ་དང་། ནང་ཁུལ་གྱི་བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱས་ཤིང་། མྱུར་མོར་ཕན་ནུས་ལྡན་པའི་ཇུས་གཞི་གཏན་འབེབས་བྱས་ཏེ། རྒྱལ་དམངས་ཀྱིས་ཡིད་རྟོན་རུང་བའི་དབང་ཤུགས་ལས་ཁུངས་སུ་འགྱུར་བར་བྱེད་དགོས་པའི་རེ་བ་བཏོན། 

ཝུན་ཙེ་ཡུན་གྱིས་ཉིན་དེར་ཚའོ་གོ་ཡི་འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་དམངས་འཚོར་དོ་སྣང་བྱེད་པའི་ཞིབ་དཔྱོད་དབང་ཆའི་ལག་བསྟར་དང་རྩ་འཛུགས་འཁོར་སྐྱོད་ཇུས་གཞི་ཞེས་པའི་སྙན་ཞུར་ཉན་པར་མ་ཟད། ཁོས་མཚམས་སྦྱོར་བྱས་པའི་ཞིབ་དཔྱད་ཐིན་གྱི་ལྟ་རྟོག་པུའུ་ཀྲང་སོགས་ཀྱི་འདེམ་སྒུག་མི་སྣར་ཁས་ལེན་བྱས། 

ཝུན་ཙེ་ཡུན་གྱིས་ནན་གྱིས་བསྟན་དོན། ཁྲིམས་དོན་པུའུ་དང་ཞིབ་དཔྱོད་ལས་ཁུངས་གཉིས་ནི་ཞིབ་དཔྱོད་ལས་ཁུངས་བཅོས་བསྒྱུར་བྱེད་པའི་སྙིང་བོ་ཡིན་པས་མཉམ་དུ་འབད་བརྩོན་བྱ་དགོས། བཅའ་ཁྲིམས་དང་ལམ་ལུགས་ཀྱི་བཅོས་བསྒྱུར་ཐད་ནས་ཁྲིམས་དོན་པུའུ་ཡིས་ནུས་པ་གཙོ་བོ་འདོན་སྤེལ་བྱེད་དགོས་པ་དང་། ཞིབ་དཔྱོད་དབང་ཆའི་ལག་བསྟར་བྱེད་ཐབས་དང་རྟོག་ཞིབ་རྒྱུན་སྲོལ། རྩ་འཛུགས་རིག་གནས་བཅོས་བསྒྱུར་བཅས་ཀྱི་ཐད་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྣེ་ཁྲིད་ནུས་པ་འདོན་དགོས་ཟེར། 

དེ་ནི་ཝུན་ཙེ་ཡུན་གྱིས་ཚེས་ཉེར་བདུན་ཉིན་ཞིབ་དཔྱོད་ཕྱོགས་ཀྱི་ཚའོ་གོ་ཡི་དོན་ལ་ཞིབ་བཤེར་བྱེད་པའི་ཐད་ནས་ཞིབ་དཔྱོད་ཁང་གིས་འགན་དབང་ལག་བསྟར་བྱེད་ཐབས་བཅོས་བསྒྱུར་བྱེད་དགོས་པའི་རེ་བ་བཏོན་རྗེས། ཡང་བསྐྱར་ཐད་ཀར་དུ་ཞིབ་དཔྱོད་དཔོན་པོས་བཅོས་བསྒྱུར་ཇུས་གཞི་སྤྲོད་དགོས་པའི་མཛུབ་སྟོན་གནང་བ་རེད། དབྱེ་ཞིབ་པས་བལྟས་ན། ཞིབ་དཔྱོད་ཁང་གིས་ཙུང་ཐུང་གིས་ཐེངས་མང་བོར་སྐྱོན་འཛུགས་བྱས་པར་ཅི་མི་སྙམ་པར་རྩ་དོན་ལྟར་རྟོག་ཞིབ་བྱེད་དགོས་པ་གསལ་བོར་བསྟན་པར་དམིགས་ནས། ཝུན་ཙེ་ཡུན་གྱིས་ཉིན་དེར་ཡུན་ཞེ་ཡའོ་ལ་མཛུབ་སྟོན་གནང་བ་ནི་བཅོས་བསྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ཆེད་དུ་ཡིན་པར་འདོད། 

ཝུན་ཙེ་ཡུན་གྱིས་བསྟན་དོན། ཞིབ་དཔྱོད་ལས་ཁུངས་ཀྱི་སྒེར་ཚུགས་རྟོག་ཞིབ་དབང་ཆར་ད་ལྟའི་སྲིད་གཞུང་བཙུགས་པའི་ཚུན་ལ་ཤུགས་སྣོན་ཆེན་པོ་ཐོབ་ཡོད་ཀྱང་། ཞིབ་དཔྱོད་དབང་ཆའི་ལག་བསྟར་བྱེད་ཐབས་ལ་བཅོས་བསྒྱུར་བྱེད་པའི་འབོད་སྒྲ་རྒྱུན་ཆད་མེད་པར་སྒྲོག་བཞིན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། རྒྱལ་དམངས་ཀྱི་མདུན་ནས་སྤྱི་བའི་དབང་ཆ་གང་ཡིན་ཡང་ཁེངས་སྐྱུང་བྱ་དགོས་པ་དང་། དབང་ཆ་ཇི་ལྟར་ཆེ་ན་དེ་ལྟར་དམངས་གཙོའི་སྟོབས་ཤུགས་ཆེན་མོར་ཐེ་གཏོགས་བྱེད་དགོས། ཞིབ་དཔྱོད་ལས་ཁུངས་དང་ཁྲིམས་དོན་པུའུ། ཙུང་ཐུང་བཅས་ཚང་མས་སེམས་གནད་ལ་ཕབ་ནས་རྒྱལ་དམངས་ཀྱི་བསམ་འཆར་ལ་ཉན་པ་དང་ནན་ཏན་གྱིས་རང་གི་མི་འདང་ས་ཁས་ལེན་བྱེད་དགོས་ཟེར། 

ཝུན་ཙེ་ཡུན་གྱིས་ད་རུང་བསྟན་དོན། ཁྲིམས་དོན་པུའུ་ཡི་དཔོན་པོས་ཉིན་དེར་སྙན་ཞུ་བྱས་པའི་འབྲེལ་ཡོད་ནང་དོན་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་ཇུས་གཞི་ཞིག་ཡིན་ཡང་། མིག་སྔར་ཁྲིམས་དོན་པུའུ་ཡི་དཔོན་པོར་དམིགས་པའི་རྟོག་ཞིབ་བྱེད་བཞིན་པ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་བློ་བཏང་སྟེ། གོ་འཛོལ་འབྱུང་བར་སྔོན་འགོག་བྱེད་ཆེད། ཁྲིམས་དོན་པུའུ་ཡིས་ཁྲིམས་དོན་དང་ཞིབ་དཔྱོད་ཀྱི་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིབ་དཔྱོད་བཅོས་བསྒྱུར་ཚོགས་པ་སོགས་རྐྱེན་སྲོལ་ལ་བརྟེན་ནས་དམངས་ཀྱི་འདོད་བློ་རྒྱ་ཆེར་གཅིག་སྡུད་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཇུས་གཞིའི་ནང་དོན་འཐུས་ཚང་དུ་བཏང་ཡོད་པར་མ་ཟད། གྱོད་དོན་གྱི་རྟོག་ཞིབ་མཇུག་སྒྲིལ་རྗེས་དངོས་སུ་ལག་བསྟར་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།