ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་ཀྱི་2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་ཐོན་ལས་ སྤེལ་རེས་ཚོགས་འདུ་ཧོ་ལན་དུ་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་ཀྱི་2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་ཐོན་ལས་སྤེལ་རེས་ཚོགས་འདུ་ཧོ་ལན་གྱི་གྲོང་ཁྱེར་ཨམ་སི་ཐེ་ཏམ་གྱི་2019ལོའི་རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་དངོས་མང་སྟོན་ཚོགས་རིང་བདེ་བླག་ངང་འཚོགས་པ་རེད།

སྤེལ་རེས་ཚོགས་འདུའི་ཐོག“རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་ཐོན་ལས་སྤེལ་རེས”ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། བརྗོད་དོན་གཙོ་བོའི་གཏམ་བཤད་དང་། གླེང་མོལ་གྲོས་བསྡུར། ཚོང་དོན་ངོ་འཕྲད་གྲོས་མོལ་སོགས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་5Gདང་། ཆེས་དྭངས་གསལ། རིག་ལྡན་རླུང་འཕྲིན་བརྙན་འཕྲིན། སྤྲིན་ཚོམ་རྩིས་རྒྱག་སོགས་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་ཐོན་ལས་ཀྱི་གྲུབ་འབྲས་གསར་པ་ངོ་སྤྲོད་དང་མཉམ་སྤྱོད་བྱས་ནས་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་གྱི་ཐོན་ལས་ལག་རྩལ་ཡར་རྒྱས་དང་གསར་གཏོད་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད།

ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དེ་སྔའི་སྤྱི་ཁྱབ་བཟོ་བཀོད་པ་ཏེང་ཝུན་ཧྭ་ཡིས་དང་ཐོག་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་ཐོན་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོའི་4Kཆེས་དྭངས་གསལ་འཕེལ་རྒྱས་ཀྱི་ལམ་བུ་དང་ཀྲུང་གོས་བཏོན་པའི“5G4K/8KAI”ཡི་འཕེལ་རྒྱས་ཀྱི་འདུ་ཤེས་བཀོལ་སྤྱོད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་བཟོ་སྐྲུན་ཚོང་པའི་མཐུན་ཚོགས་ཀྱི་དབུ་བཞུགས་དབྱེ་ཞིབ་པ་ལི་ཁ·ཁོ་ཕིང་ཨེན་གྱི་གཏམ་བཤད་ནང་གྲངས་གཞི་དང་དཔེ་མཚོན་དྲངས་ནས་འབྱུང་འགྱུར་གྱི་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་ཐོན་ལས་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་ཡོད་པ་བརྗོད་དེ་རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་ཐོན་ལས་ཁྲོད་ཀྲུང་གོའི་ཁེ་ལས་ཀྱིས་ཐོན་རྫས་དང་ལག་རྩལ་གྱི་ལེགས་སྐྱེས་གལ་ཆེན་ཕུལ་བ་ཁས་ལེན་བྱས་པ་རེད།

རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་དངོས་མང་སྟོན་ཚོགས་ཀྱི་ལས་སྒོ་འཕེལ་རྒྱས་ཀྱི་སྤྱི་ཁྱབ་ལྟ་སྐུལ་པ་ཧྲི་ཏི་ཧྥུའུ·ཁང་ནོ་ལིས་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་འགྲོ་བ་དེས་གོ་ལ་ཧྲིལ་པོའི་ལས་རིགས་དེར་ཡིད་ཆེས་ཆེན་པོ་སྦྱིན་པས་ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་སྒྲིག་གཞི་དང་ཁེ་ལས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རླུང་འཕྲིན་བརྙན་འཕྲིན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་པའི་ངོས་འཛིན་བྱས་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།