མཉམ་འབྲེལ་རྒྱལ་ཚོགས་ཀྱི་སཱ་མའོ་ཡཱ་ཐབས་ལམ་ཞེས་པའི་མཐོ་རིམ་གྲོས་ཞིབ་ཚོགས་འདུ་ནས་ཆབ་སྲིད་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་། ​

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མགྱོགས་མྱུར་འགུལ་སྐྱོད་བྱེད་ཐབས་ཏེ་སཱ་མའོ་ཡཱ་ཐབས་ལམ་ཞེས་པའི་མཐོ་རིམ་གྲོས་ཞིབ་ཚོགས་འདུ་དེ་ཚེས་ཉེར་བདུན་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་ཏེ་ཆབ་སྲིད་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་སྟེ། གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་མདུན་དུ་ལྷགས་པའི་ནམ་ཟླའི་འགྱུར་ལྡོག་གི་འཇིགས་ཉེན་ལ་དོ་སྣང་བྱས། 

བསྒྲགས་གཏམ་ལྟར་ན། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དང་མཐོ་རིམ་འཐུས་མི་དག་གིས་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་ནས། དེ་དག་གི་དཔལ་འབྱོར་འཕར་སྣོན་དང་སྣ་མང་ཅན་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་། 

བསྒྲགས་གཏམ་ལས་བསྟན་དོན། འགུལ་སྐྱོད་སྤེལ་ཏེ་ནམ་ཟླའི་འགྱུར་ལྡོག་ལས་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་བཟོས་པའི་མཚོ་ངོས་ཇེ་མཐོར་སོང་བ་དང་ཐལ་དྲགས་པའི་ནམ་ཟླ་སོགས་ཤུགས་རྐྱེན་ངན་པ་ཐག་གཅོད་བྱེད་དགོས་ཟེར། སྣང་ཚུལ་དེ་དག་གིས་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་རང་སྟེང་དང་དེས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་འཇིགས་ཉེན་བཟོས་ཡོད་ལ། གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་བོ་ཞིག་ལ་མཚོན་ན་རང་གི་འཚོ་སྡོད་དང་འབྲེལ་བ་ཡོད་པ་རེད། 

ཉིན་དེར་སྤེལ་བའི་སཱ་མའོ་ཡཱ་ཐབས་ལམ་ཞེས་པའི་མཐོ་རིམ་གྲོས་ཞིབ་ཚོགས་འདུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་སྐབས་སུ་སྤེལ་བའི་འཆར་གཞི་ལྡན་པའི་མཐོ་རིམ་གྲོས་ཚོགས་ལྔའི་ཡ་གྱལ་ཡིན་པ་རེད། གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནམ་ཟླའི་འགུལ་སྐྱོད་ལ་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ནམ་ཟླའི་ཉམས་ཉེན་དེ་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མཚོན་ན་འདྲ་མཉམ་མིན་པ་དང་། རྒྱལ་ཁབ་དེ་དག་གིས་འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་དྲོར་འགྲོ་བ་ཐག་གཅོད་པའི་ཐད་བྱས་རྗེས་ཆེན་པོ་བཞག་མེད་ཀྱང་། རིན་དོད་ཆེན་པོ་བཏང་ཡོད། དེ་བས་ཁོས་ཤུགས་ཆེན་པོས་སཱ་མའོ་ཡཱ་ཐབས་ལམ་དངོས་འབེབ་བྱས་ཏེ། གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་མུ་མཐུད་དུ་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་སྲིད་གཞུང་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་ཀྲུའུ་ཞི་པན་ཏིས་ཀྱིས་བསྟན་དོན། གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་གཏན་འཁེལ་བྱས་པའི་ཐོག་མའི་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

སཱ་མའོ་ཡཱ་ཐབས་ལམ་ནི་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར་ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་སཱ་མའོ་ཡཱ་ནས་སྤེལ་བའི་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་གསུམ་པའི་གྲུབ་འབྲས་ཡིན་པ་དང་། དམིགས་ཡུལ་ནི་གླིང་ཕྲན་ཆུང་བའི་རྒྱལ་ཁབ་དག་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལོ་ལྔའི་ནང་དཔྱད་འཇོག་ཐེངས་རེ་དང་ལེན་བྱེད་པའི་ཆེད་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།