ཨ་མེ་རི་ཁས་སོ་ཏི་ཨ་རབ་ཏུ་མཁའ་སྲུང་མ་ལག་དང་དམག་ཤུགས་ཁ་སྣོན་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་ཉེ་སྔོན་འཇབ་རྒོལ་ཐེབས་པའི་དབང་གིས། ཨ་མེ་རི་ཁས་སོ་ཏི་ཨ་རབ་ཏུ་རྒྱལ་གཅེས་མཁན་རྟགས་ཅན་གྱི་མཁའ་སྲུང་མ་ལག་ཆ་ཚང་ཞིག་དང་སོ་དམག་རྟགས་ཅན་གྱི་ལོས་ཏཱའི་མ་ལག་བཞི། ཨ་མེ་རི་ཁའི་དམག་མི་ཉིས་བརྒྱ་ཙམ་བཅས་ཁ་སྣོན་བྱེད་རྒྱུ་ཡིན་ཟེར། 

ཟུར་ལྔའི་ཐོག་ཁང་ཆེན་མོས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐེངས་འདིའི་བཀོད་སྒྲིག་ལས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་དམག་དོན་དམིགས་འབེན་དང་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ཀྱི་མཁའ་སྲུང་དང་འཕུར་མདའི་འགོག་སྲུང་ནུས་པ་ཇེ་མཐོར་གཏོང་རྒྱུ་མ་ཟད། ཨ་མེ་རི་ཁའི་ས་ཁུལ་དེའི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་ཐུབ་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡིས་ད་རུང་རྒྱལ་གཅེས་མཁན་རྟགས་ཅན་གྱི་མཁའ་སྲུང་མ་ལག་ཆ་ཚང་གཉིས་དང་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་ཆ་ཚང་གཅིག་བཀོད་སྒྲིག་བྱེད་པར་ཡང་ཆོག་མཆན་བཀོད་ཡོད་ཟེར། 

ཨ་མེ་རི་ཁའི་འགོག་སྲུང་སྨྱན་བྱད་རེ་འགས་ཐེངས་འདིའི་བཀོད་སྒྲིག་གི་ཕན་ནུས་རང་བཞིན་ལ་དོགས་པ་ཟ་བཞིན་ཡོད་ཅིང་། རྒྱལ་གཅེས་མཁན་དང་སཱ་ཏིའི་མ་ལག་གི་བཀག་འགོག་བྱེད་པའི་དམིགས་འབེན་གཙོ་བོ་ནི་ཨ་མེ་རི་ཁས་བརྗོད་པའི་སོ་ཏི་ཨ་རབ་ལ་འཇབ་རྒོལ་བྱས་པའི་མི་བསྡད་མེད་པའི་གནམ་གྲུ་དང་སྐོར་ཞིབ་འཕུར་མདའ་སོགས་དམའ་སའི་དམིགས་འབེན་མིན་པ་རེད་ཟེར། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།