ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་མཉམ་འབྲེལ་རྒྱལ་ཚོགས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཆབ་སྲིད་ལས་རིགས་ཀྱི་མི་སྣ་དག་གིས་ཧྥ་རན་སིའི་སྔོན་ཆད་ཀྱི་ཙུང་ཐུང་ཞི་ལཱ་ཁི་ལ་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ9བའི་ཚེས26ཉིན། ཧྥ་རན་སིའི་ཕཱ་རེ་སིའི་རྒྱལ་དམངས་གྲོས་ཁང་གིས་དར་ཆ་ཕྱེད་ཙམ་མར་ཕབ་ནས་ཧྥ་རན་སིའི་སྔོན་ཆད་ཀྱི་ཙུང་ཐུང་ཞི་ལཱ་ཁི་ལ་མྱ་ངན་ཞུས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཧྥ་རན་སིའི་སྔོན་ཆད་ཀྱི་ཙུང་ཐུང་ཞི་ལཱ་ཁི་ཚེས་ཉེར་དྲུག་ཉིན་སྐུ་གཤེགས་རྗེས། ཧྥ་རན་སིའི་ཏང་སྲིད་མགོ་ཁྲིད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས། ཡོ་རོབ་གླིང་མནའ་འབྲེལ་གྱི་འགན་ཁུར་བ་བཅས་ཀྱིས་ལང་ལོང་སྒོས་ཞི་ལཱ་ཁི་ལ་མྱ་ངན་ཞུས། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་ནི་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོ་ཡིན་པ་དང་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། 

མཱ་ཁི་ལུང་གིས་ཉིན་དེའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཞི་ལཱ་ཁི་ནི་རླབས་ཆེ་བའི་ཧྥ་རན་སིའི་མི་ཞིག་ཡིན་ཞིང་། ཁོས་རྒྱལ་ཁབ་ལ་བཞག་པའི་བྱས་རྗེས་དེ་ཧྥ་རན་སིའི་ལོ་རྒྱུས་ཀྱི་ཁག་ཅིག་ཏུ་གྱུར་ཡོད་ལ། ཧྥ་རན་སིའི་མི་རྣམས་ཀྱིས་ཁོང་ལ་ནམ་ཡང་རྗེས་དྲན་བྱེད་སྲིད་ཟེར། 

མཱ་ཁི་ལུང་གིས་ད་རུང་བཤད་རྒྱུར། ཞི་ལཱ་ཁི་ཡིས་ཧྥ་རན་སིའི་སྙིང་སྟོབས་ཏེ་མཐུན་སྒྲིལ་དང་རང་བཙན། ཡིད་རྟོན། ལོ་རྒྱུས་ལ་གདོང་གཏོད་ཕོད་པ་བཅས་མཚོན་ཡོད་ཟེར། ཁོས་དམིགས་སུ་བཀར་ནས་ཉིས་སྟོང་སུམ་ལོར་ཞི་ལཱ་ཁི་ཡིས་ཨ་མེ་རི་ཁས་དབྱི་རག་ལ་བཙན་འཛུལ་བྱེད་པར་ངོ་རྒོལ་དྲག་པོ་བྱས་པ་སོགས་མཚོན་བྱེད་རང་བཞིན་ལྡན་པའི་དོན་རྐྱེན་གླེང་བ་དང་། ཞི་ལཱ་ཁི་ཡིས་སྟོབས་ཤུགས་ཡོད་དགུ་བཏོན་ནས་ཡོ་རོབ་གླིང་གི་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ་དང་འཛམ་གླིང་ཡོངས་ཀྱིས་མཉམ་དུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བར་མ་ཟད། རིག་གནས་ཀྱི་བར་ཁྱད་ལ་བརྩི་འཇོག་བྱས་ནས་རིག་གནས་མི་འདྲ་བའི་བར་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།