ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་འཕུར་མདའི་ལས་གཞིའི་ཐད་ནས་གྲོས་མོལ་བྱེད་པར་དང་ལེན་བྱས་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་རྒྱལ་སྲུང་བློན་ཆེན་ཧཱ་ཐཱ་མུས་ཀྱིས་ཚེས་ཉེར་ལྔ་ཉིན་བསྟན་དོན། དབྱི་ལིང་གི་འཕུར་མདའི་ལས་གཞིའི་ཐད་ནས་ནུབ་ཕྱོགས་རྒྱལ་ཁབ་བར་གྲོས་མཐུན་གང་རུང་འགོད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཧཱ་ཐཱ་མུས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་མཉམ་དུ་དབྱི་ལིང་གི་འཕུར་མདའི་ཐད་ནས་བཀོད་པའི་གྲོས་མཐུན་གང་ཡིན་ཡང་དབྱི་ལིང་ཕྱོགས་ཀྱི་ནུས་པར་གནོད་པ་བཟོ་སྲིད་ཟེར། 

ཧཱ་ཐཱ་མུས་ཀྱི་བརྗོད་ཚུལ་ལྟར་ན། དབྱི་ལིང་གི་མགོ་ཁྲིད་པ་ཚང་མས་འཕུར་མདའ་ལེགས་བཅོས་བྱེད་པའི་ལས་གཞིར་རྒྱབ་སྐྱོར་བྱེད་མི་སྲིད་ཟེར། 

དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་གིས་ཉིས་སྟོང་བཅོ་ལྔ་ལོར་གྲོས་མཐུན་བཀོད་པ་དང་། ཨ་མེ་རི་ཁ་ན་ནིང་ཟླ་ལྔ་བར་གྲོས་མཐུན་དེ་ལས་ཕྱིར་བུད་ནས་དབྱི་ལིང་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱས་ཏེ། ཚད་བརྒལ་གནོན་ཤུགས་ལ་བརྟེན་ནས་དབྱི་ལིང་དང་ཨ་མེ་རི་ཁས་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་གྲོས་བསྡུར་བྱེད་དུ་འཇུག་རྩིས་བྱས་པ་དང་། དབྱི་ལིང་གི་མཚོན་ཆའི་ལས་གཞི་དང་ས་ཁུལ་གྱི་བྱ་འགུལ་ལའང་ཚོད་འཛིན་བྱས་ཡོད།

ནུབ་ཕྱོགས་ཀྱི་མགོ་ཁྲིད་པ་རེ་འགས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཡུལ་དངོས་ནས་ཨ་མེ་རི་ཁ་དང་དབྱི་ལིང་གི་ཛ་དྲག་འབྲེལ་བར་བར་འདུམ་བྱས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་དང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་བཅས་ཀྱིས་ཚེས་ཉེར་གསུམ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཁོམ་གསེང་སྐབས་སུ་གྲོས་མོལ་བྱས། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་དང་འཕུར་མདའི་ལས་གཞི། ས་ཁུལ་གྱི་བདེ་འཇགས་བཅས་ཀྱི་གྲོས་གཞིའི་ཐད་ནས་དབྱི་ལིང་གྲོས་མོལ་དུ་ཞུགས་དགོས་པའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།