ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཨ་མེ་རི་ཁས་ཉོ་ཚོང་གྲོས་ཆོད་གསར་བ་བཀོད་དེ་ཨ་མེ་རི་ཁའི་ཞིང་ཞོར་ཐོན་རྫས་དང་འཇར་པན་གྱི་བཟོ་ལས་ཐོན་རྫས་ཀྱི་སྒོ་ཁྲལ་ཇེ་ཉུང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཨ་མེ་རི་ཁའི་ཉིག་ཡོ་ནས་ཉོ་ཚོང་གྲོས་ཆོད་བཀོད་དེ། ཨ་མེ་རི་ཁའི་ཞིང་ཞོར་ཐོན་རྫས་དང་འཇར་པན་གྱི་བཟོ་ལས་ཐོན་རྫས་ཀྱི་སྒོ་ཁྲལ་ཇེ་ཉུང་དུ་གཏོང་རྒྱུ་ཐག་བཅད། 

གྲོས་ཆོད་གསར་བ་ལྟར་ན་རླངས་འཁོར་གྱི་ཐོན་རྫས་དང་ལྷུ་ལག་ལ་རྗེས་ཕྱོགས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་རེད། ཨན་པའེ་ཅིན་སན་གྱིས་ཉིན་དེར་བདེན་དཔང་བྱས་དོན། འཇར་པན་གྱིས་ཨ་མེ་རི་ཁར་ཕྱིར་གཏོང་བྱེད་པའི་རླངས་འཁོར་ལ་ཨ་མེ་རི་ཁས་སྒོ་ཁྲལ་ཁ་སྣོན་མི་བྱེད་པ་ཁས་ལེན་བྱས་ཡོད་ཟེར། 

ཨན་པའེ་ཅིན་སན་དང་ཐི་ལིང་ཕུའུ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་སྐབས་གྲོས་མོལ་བྱས་པ་ད་། ཉོ་ཚོང་གྲོས་ཆོད་བཀོད་དེ་མཉམ་འབྲེལ་གསལ་སྒྲོག་སྤེལ་བ་རེད། གྲོས་ཆོད་གསར་བ་དེར་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས་པ་དང་། ཚོད་དཔག་བྱས་ན་སང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནུས་ལྡན་དུ་འགྱུར་སྲིད། 

གྲོས་ཆོད་གསར་བ་ལྟར་ན། འཇར་པན་གྱིས་ཧ་ལམ་མེ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་གཉིས་ཀྱི་ཨ་མེ་རི་ཁའི་ཞིང་ཞོར་ཐོན་ལས་ཀྱི་སྒོ་ཁྲལ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། དེའི་ནང་སྐམས་ཤ་དང་ཕག་ཤ གྲོ། འོ་སྤྲི། མ་རྨོས་ལོ་ཏོག རྒུན་ཆང་སོགས་འདུས་པ་དང་། འཇར་པན་གྱི་ལྕགས་རྟ་དང་རོལ་ཆས། འཕྲུལ་ཆས་སོགས་བཟོ་ལས་ཐོན་རྫས་ལ་ཨ་མེ་རི་ཁས་སྒོ་ཁྲལ་ཇེ་ཉུང་དུ་བཏང་ཡོད། 

ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། གྲོས་ཆོད་དེ་ནུས་ལྡན་དུ་གྱུར་རྗེས། འཇར་པན་གྱིས་ཨ་མེ་རི་ཁའི་སྐམས་ཤའི་སྒོ་ཁྲལ་བསྡུ་ཚད་བརྒྱ་ཆའི་སོ་བརྒྱད་དང་གྲངས་ཆུང་ལྔ་ནས་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་དྲུག་བར་ཇེ་དམའ་རུ་གཏོང་རྒྱུ་ཡིན་པ་དང་། མཇུག་མཐར་བརྒྱ་ཆའི་དགུར་ཇེ་དམའ་རུ་གཏོང་བའི་རེ་བ་ཡོད། འཇར་པན་གྱིས་ཨ་མེ་རི་ཁའི་ཕྱིར་གཏོང་སྐམས་ཤའི་ཚད་དེ་ལོ་རེའི་ཏུན་ཉིས་བརྒྱ་ནས་ཏུན་ཁྲི་དྲུག་དང་སྟོང་ལྔར་ཇེ་མང་དུ་གཏོང་རྒྱུ་རེད་ཟེར། 

ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། འཇར་པན་དང་ཨ་མེ་རི་ཁའི་ཉོ་ཚོང་གྲོས་ཆོད་གསར་བས་ཨ་མེ་རི་ཁའི་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་གནོན་ཤུགས་ཞི་འཇགས་སུ་གཏོང་ཐུབ་ཟེར། 

འཇར་པན་ཕྱོགས་ཀྱིསི་བཤད་ཚུལ་ལྟར་ན། འཇར་པན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་བྱེད་སྐབས་རླངས་འཁོར་ཐོན་རྫས་ཀྱི་སྒོ་ཁྲལ་ཁ་སྣོན་བྱེད་མི་སྲིད་པ་ཁས་ལེན་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།