ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་མཱ་ཏུའུ་ལོ་ལ་ཐུག་འཕྲད་བྱས་ཏེ་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་གྲོས་མོལ་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་ལྔ་ཉིན་མའོ་སི་ཁི་ནས་འཚམས་འདྲིར་ཡོང་བའི་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་དང་གྲོས་མོལ་བྱས་པ་དང་། མཱ་ཏུའུ་ལོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པར་མ་ཟད། སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་གྲོས་མོལ་ལ་སྐུལ་འདེད་བཏང་། 

ཕུའུ་ཅིན་གྱིས་ཉིན་དེར་ཁི་ལི་མུའུ་ལིན་ཕོ་བྲང་ནས་མཱ་ཏུའུ་ལོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། ཞོར་དུ་མཱ་ཏུའུ་ལོ་ཡིས་ངོ་རྒོལ་ཕྱོགས་ཁག་བར་གྱི་གྲོས་མོལ་གནད་དོན་ཐག་གཅོད་བྱེད་པར་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་དགོས་པར་འདོད། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ནི་ཝེ་ནེ་ཙུའེ་ལཱའི་ཁྲིམས་མཐུན་དབང་ཤུགས་ཡོད་ཚད་ཀྱི་འགྱུར་བ་མེད་པའི་རྒྱབ་སྐྱོར་མཁན་ཡིན་ཞིང་། ང་ཚོས་ཙུང་ཐུང་ཁྱོད་དང་ཁྱོད་ཀྱི་སྲིད་གཞུང་གིས་ངོ་རྒོལ་ཕྱོགས་ཁག་བར་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ང་ཚོས་བལྟས་ན། གྲོས་མོལ་དང་ལེན་མི་བྱེད་པའི་བྱ་སྤྱོད་གང་ཡིན་ཡང་ལུགས་མཐུན་མིན་པ་དང་། རྒྱལ་ཁབ་ལ་གནོད་པ་བཟོས་ནས་མི་དམངས་ཀྱི་བདེ་སྐྱིད་ལ་འཇིགས་ཉེན་བཟོ་སྲིད་ཟེར། 

ནོར་ཝེའི་ཕྱི་འབྲེལ་པུའུ་ཡིས་བར་འདུམ་བྱས་པ་བརྒྱུད། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ད་ལོའི་ཟླ་ལྔ་བའི་ཚུན་ལ་གྲོས་མོལ་ཐེངས་ལྔ་སྤེལ་ཏེ། ཝེ་ནེ་ཙུའེ་ལཱ་རྒྱལ་ནང་གི་ཆབ་སྲིད་གནད་དོན་ཞི་འཇགས་སུ་གཏོང་རྩིས་བྱས། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་ཟླ་བརྒྱད་པའི་ཚེས་བརྒྱད་ནས་ཚེས་དགུའི་བར་སྤེལ་རྒྱུ་ཐག་བཅད་པའི་སྐོར་ཐེངས་དྲུག་པའི་གྲོས་མོལ་མགོ་མ་བརྩམས་གོང་། ཨ་མེ་རི་ཁའི་སྲིད་གཞུང་གིས་ཡང་བསྐྱར་མཱ་ཏུའུ་ལོའི་སྲིད་གཞུང་གི་དཔལ་འབྱོར་དང་ཕྱི་འབྲེལ་གྱི་བཀག་སྡོམ་བྱེད་ཐབས་ལ་ཤུགས་སྣོན་བྱས། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་དེའི་རྗེས་སུ་སྤྱི་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གི་བྱ་སྤྱོད་ལ་དམིགས་ནས། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་པཱ་པཱ་ཏའོ་སི་རུ་འཐུས་མི་མངག་ནས་ངོ་རྒོལ་ཕྱོགས་ཁག་དང་གྲོས་མོལ་བྱེད་རྒྱུ་མིན་པའི་ཆོད་དོན་སྤེལ། 

གྲོས་མོལ་བྱེད་སྐབས། ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱ་ཕྱོགས་གཉིས་ཀྱིས་ནུས་ཁུངས་དང་སྨན་བཅོས། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བར་གཟེངས་བསྟོད་བྱས་པ་དང་། རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་ཉེ་བའི་ཟླ་ངོ་འགའི་ནང་བརྒྱ་ཆའི་བཅུ་འཕར་ཡོད་ཟེར། 

མཱ་ཏུའུ་ལོ་ཡིས་ཀྱང་ཝེ་ནེ་ཙུའེ་ལཱ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་མཉམ་ལས་ལ་གཟེངས་བསྟོད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ན་དཀའ་ཁག་ཡོད་ཚད་ཁྱད་དུ་བསལ་ཐུབ་ཟེར། མཱ་ཏུའུ་ལོ་ཡིས་ཁས་ལེན་བྱས་དོན། ཕྱོགས་གཉིས་ཀྱིས་ཨུ་རུ་སི་ཡིས་ཝེ་ནེ་ཙུའེ་ལཱ་ལ་ཟས་རིགས་དང་སྨན་བཅོས། དངོས་རྒྱུ་སོགས་འདོན་སྤྲོད་བྱེད་པའི་དོན་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

ཕུའུ་ཅིན་གྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་འགོག་སྲུང་མཉམ་ལས་གླེང་བ་དང་། ད་ལྟའི་དུས་རིམ་ནང་གཙོ་བོ་ཨུ་རུ་སིའི་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱ་ཡིས་ཉོ་བསྡུ་བྱས་པའི་སྒྲིག་ཆས་ཀྱི་རྗེས་མཐུད་ཞིག་གསོའི་དམ་བཅའ་ལག་བསྟར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།