མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་ནས་ཆབ་སྲིད་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་ཀྱིས་ཚེས་ཉེར་བཞིའི་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཆབ་སྲིད་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་བསྒྲགས་གཏམ་ལས་མ་འོངས་པའི་ལོ་ངོ་བཅུའི་ནང་མ་དངུལ་བསྡུ་རུབ་བྱས་ཏེ། ཉིས་སྟོང་སུམ་ཅུ་ལོའི་སྔོན་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་མི་གཅིག་ཀྱང་རྗེས་ལ་ལུས་སུ་མི་འཇུག་རྒྱུ་ཁས་ལེན་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་ཀྲུའུ་ཞི་པན་ཏིས་ཀྱིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ནི་ཕྱོགས་མང་རིང་ལུགས་ཀྱི་གྲུབ་འབྲས་ཡིན་པ་དང་། ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་གཏོང་བ་ནི་མིའི་རིགས་ཀྱིས་མིག་སྔར་དང་མ་འོངས་པའི་རྙོག་འཛིང་གི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པའི་གདམ་གསེས་ཉག་ཅིག་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མིག་སྔར་མིའི་རིགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་འཁྱོག་ལམ་དུ་ཞུགས་ཡོད་ཅིང་། འཁྲུག་རྩོད་ཚབས་ཆེན་དང་ནམ་ཟླའི་ཉམས་ཉེན། ཕོ་མོའི་དྲག་སྤྱོད། དཔལ་འབྱོར་འཕར་སྣོན་དོ་མཉམ་མིན་པ། དངུལ་བུན་ཆུ་ཚད་ཇེ་མཐོར་འགྲོ་བ། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ཛ་དྲག་གི་གནས་བབ་ཇེ་སྡུག་ཡིན་པ་སོགས་རྒྱུ་རྐྱེན་མང་བོ་དམིགས་འབེན་མངོན་འགྱུར་བྱེད་པའི་བཀག་རྒྱ་གསར་བར་གྱུར་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་ཡོངས་ཀྱིས་འགུལ་སྐྱོད་སྤེལ་ནས། མིག་སྔའི་འཁྲུག་རྩོད་མཇུག་སྒྲིལ་བར་བྱེད་པ་དང་དྲག་ཤུགས་བྱ་སྤྱོད་ལ་སྔོན་འགོག་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་དམིགས་པའི་དུས་ཡུན་རིང་བོའི་དངུལ་གཏོང་རྒྱ་བསྐྱེད་པ། ཁྲིམས་འགལ་མ་རྩའི་འཁོར་རྒྱུག་དང་ནག་དངུལ་དཀར་བསྒྱུར། དཔྱ་ཁྲལ་མི་འཇལ་བ་བཅས་ལ་ཆམ་ཕབ་བཏང་སྟེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཆབ་སྲིད་དང་དཔལ་འབྱོར་གྱི་བཅོས་བསྒྱུར་སྤེལ་བར་རྒྱབ་སྐྱོར་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་སྐབས་སུ་སྤེལ། རྒྱལ་ཁབ་སོ་སོའི་མགོ་གཙོ་དག་གིས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཕེལ་རིམ་གནས་ཚུལ་དངོས་འབེབ་བྱེད་པའི་ཐད་དུ་ཕྱོགས་ཡོངས་ནས་གྲོས་ཞིབ་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།