ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ཐུང་གིས་ནེ་ཐཱ་ནི་ཡཱ་ཧུའུ་ལ་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ཐུང་ལི་ཧྥུའུ་ལིན་གྱིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ད་ལྟའི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ་ཡོད་ཟེར། 

ལི་ཧྥུའུ་ལིན་གྱིས་ཉིན་དེར་ལེ་ཁུའུ་ཏི་སྡེ་ཚོགས་ཀྱི་མགོ་ཁྲིད་པ། ད་ལྟའི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་སྔོ་དཀར་ཏང་གི་མགོ་ཁྲིད་པ་ཀན་ཚི་གཉིས་དང་མཉམ་དུ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གྲོས་མོལ་དེར་གྲུབ་འབྲས་མ་ཐོབ་པས། ལི་ཧྥུའུ་ལིན་གྱིས་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་དེ་གྲོས་མི་ང་ལྔ་ཡིས་མཚམས་སྦྱོར་ཐོབ་པའི་ནེ་ཐཱ་ནི་ཡཱ་ཧུའུ་ལ་སྤྲོད་རྒྱུ་ཐག་བཅད་པ་རེད་ཟེར། ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་རྗེས། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ངེས་པར་དུ་ཉིན་ཞེ་གཉིས་ཀྱི་ཡུན་ཚད་ནང་ནེ་ཀིའི་རྩ་འཛུགས་བྱ་བ་ཡོངས་འགྲུབ་བྱེད་དགོས་པ་རེད། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དེའི་རྗེས་སུ་ཙུང་ཐུང་གིས་བསྩལ་བའི་དབང་ཆ་དང་ལེན་བྱས་པ་དང་། ཁོས་མགོ་ཁྲིད་བྱེད་པའི་ཁྱབ་རྒྱ་ཆེ་བའི་མཉམ་འབྲེལ་སྲིད་གཞུང་ཞིག་རྩ་འཛུགས་བྱེད་པར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན། 

དབྱི་སི་རལ་གྱི་བཅའ་ཁྲིམས་ལྟར་ན། གལ་ཏེ་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་ཞེ་གཉིས་ནང་སྲིད་གཞུང་རྩ་འཛུགས་བྱེད་མ་ཐུབ་ན། ཙུང་ཐུང་གིས་དབང་ཆ་དེ་ཀན་ཚི་དང་ཡང་ན་སྲིད་ཏང་གཞན་པའི་མགོ་ཁྲིད་པར་བྱིན་ཆོག་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།