ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བདེ་ཐང་ཡོངས་ལ་ཁྱབ་པར་བྱེད་པའི་མཐོ་རིམ་གྲོས་ཚོགས་ནས་ཆབ་སྲིད་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་བདེ་ཐང་ཡོངས་ལ་ཁྱབ་པར་བྱེད་པའི་མཐོ་རིམ་གྲོས་ཚོགས་ཚེས་ཉེར་གསུམ་ཉིན་ཉིག་ཡོ་ནས་སྤེལ། རྒྱལ་ཁབ་མང་བོའི་ཆབ་སྲིད་ལས་རིགས་ཀྱི་འཐུས་མི་དང་། བདེ་ཐང་གསོ་བཅོས་ལས་རིགས་ཀྱི་མི་སྣ་མང་བོ་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་ཐང་ཡོངས་ལ་ཁྱབ་པར་བྱེད་པའི་ཆབ་སྲིད་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། བསྒྲགས་གཏམ་དེ་ནི་ཉིས་སྟོང་སུམ་ཅུ་ལོའི་བར་བདེ་ཐང་ཡོངས་ལ་ཁྱབ་པར་བྱེད་པའི་རེ་འདུན་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱིས་མ་འོངས་པའི་ལོ་ངོ་བཅུའི་ནང་བདེ་ཐང་མ་ལག་ལ་བརྟེན་ནས་ཨེ་ཙི་ནད་དང་འདུས་འདྲིལ་གྱི་ནད་སོགས་འདུས་པའི་འགོ་བའི་རང་བཞིན་གྱི་ནད་སོགས་བདེ་ཐང་གནད་དོན་ཐག་གཅོད་བྱེད་ཐུབ་ངེས་ཡིན་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་བཤད་རྒྱུར། བདེ་འཇགས་ཡོངས་ལ་ཁྱབ་པར་བྱེད་པ་དེ་རྒྱུན་མཐུད་འཕེལ་རྒྱས་ལ་མཚོན་ན་གནད་འགག་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ཡོངས་འགྲུབ་བྱེད་པར་ལོ་བཅུ་གཅིག་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྒྲགས་གཏམ་དེར་གྲོས་འཆམ་བཀོད་པ་ནི་འཛམ་གླིང་ཡོངས་ཀྱི་བདེ་ཐང་དང་འཕེལ་རྒྱས་ལ་མཚོན་ན་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཟེར། 

ཀྲུང་གོའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧི་ཧྲིན་གྱིས་གཏམ་བཤད་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་ལས་དོན་གྱི་རྒྱབ་སྐྱོར་མཁན་དང་ཟབ་ཞུགས་མཁན་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་ཡིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་བརྩོན་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་དམངས་ཡོངས་བདེ་ཐང་ཡོང་བ་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་བཞིན་ཡོད། ཀྲུང་གོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཐེངས་འདིའི་གྲོས་ཚོགས་གོ་སྐབས་སུ་བྱས་ཏེ། མུ་མཐུད་དུ་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱས་ནས། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པ་ལྟར་ན། དམངས་ཡོངས་བདེ་ཐང་ཡོང་བར་བྱེད་པ་ནི་མི་ཚང་མར་ཡུལ་དུས་ཀྱི་ཁྱད་པར་མེད་པར་དགོས་མཁོ་ཡོད་པའི་སྐབས་སུ་དགོས་ངེས་ཀྱི་བདེ་ཐང་ཞབས་ཞུ་ཐོབ་ཐུབ་པ་དང་། དཔལ་འབྱོར་ཆ་རྐྱེན་ལ་སེམས་ཁུར་བྱེད་མི་དགོས་པ་ཞིག་ཡིན་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།