ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཐུར་ཁེ་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་བདེ་འཇགས་ས་ཁུལ་དུ་སྐོར་ཐེངས་གཉིས་པའི་སྐོར་གཡེང་བྱ་འགུལ་སྤེལ་ཟེར།
ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཐུར་ཁེའི་དྲག་ཆས་དམག་དཔུང་དང་ཨ་མེ་རི་ཁའི་དམག་དོན་མི་སྣས་ཉིན་དེར་མི་བསྡད་མེད་པའི་གནམ་གྲུའི་གཞོགས་འདེགས་འོག་ཏུ་མཉམ་འབྲེལ་གྱི་ས་ངོས་སྐོར་གཡེང་བྱ་འགུལ་ཐེངས་གཉིས་པ་སྤེལ་བ་དང་། འགུལ་སྐྱོད་ཀྱི་ཁྱབ་ཁོངས་ནི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་ངོས་ཀྱི་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ཡིན་པ་རེད་ཟེར།
ཟླ་འདིའི་ཚེས་བརྒྱད་ཉིན། ཐུར་ཁེའི་དམག་དཔུང་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཐོག་དང་པོར་སི་རི་ཡཱའི་བདེ་འཇགས་ས་ཁུལ་དུ་མཉམ་འབྲེལ་སྐོར་གཡེང་བྱས། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་འཁྲབ་ལྡན་འཁོར་ལོ་བསྐོར་ནས་ལྷོ་ནུབ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ནས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་སོང་ནས། ཡུལ་དེར་བཅའ་སྡོད་བྱེད་པའི་ཨ་མེ་རི་ཁའི་དམག་དཔུང་དང་མཉམ་དུ་ས་ངོས་ཀྱི་སྐོར་གཡེང་བྱ་འགུལ་ལག་བསྟར་བྱས། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་ཨ་མེ་རི་ཁ་དང་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཤར་ས་ཁུལ་དུ་མཉམ་འབྲེལ་སྐོར་གཡེང་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལ་མངོན་གསལ་གྱིས་འགལ་ཡོད་ལ། སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་པ་བཏང་ཡོད་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཐུར་ཁེ་དང་ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་བདེ་འཇགས་ས་ཁུལ་དུ་སྐོར་ཐེངས་གཉིས་པའི་སྐོར་གཡེང་བྱ་འགུལ་སྤེལ།