སོ་ཏི་ཨ་རབ་གཙོ་བྱས་པའི་མཉམ་འབྲེལ་དམག་དཔུང་གིས་ནོར་འཆུག་དབང་གིས་ཡེ་མིན་ཀྱི་དམངས་ཀྱི་སྡོད་ཁང་ལ་འགས་གཏོར་བཏང་ནས་མི་སེར་དཀྱུས་མ་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེར་ཡེ་མན་ལྷོ་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱེད་སྐབས་ནོར་འཆུག་དབང་གིས་ས་དེའི་སྡོད་དམངས་ཀྱི་ཁང་བར་འགས་གཏོར་བཏང་སྟེ། མི་སེར་དཀྱུས་མ་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་དམག་དཔུང་གི་དམག་དཔོན་ཞིག་གིས་བཤད་རྒྱུར། མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཏཱ་ལེ་ཨ་ཞིང་ཆེན་ནུབ་ཕྱོགས་ཀྱི་ཅཱ་ཐེ་པེད་ས་ཁུལ་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱེད་སྐབས། ནོར་འཆུག་དབང་གིས་དམངས་ཀྱི་སྡོད་ཁང་ཞིག་ལ་འགས་གཏོར་བཏང་སྟེ། མི་སེར་དཀྱུས་མ་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། དམངས་ཀྱི་སྡོད་ཁང་ལ་གཏོར་བཤིག་ཐེབས་ཡོད་ཟེར། ཁོས་བསྟན་དོན། འཇབ་རྒོལ་ཐེབས་པའི་དམངས་ཀྱི་སྡོད་ཁང་དེའི་ནང་ཁྱིམ་ཚང་མང་བོ་བསྡད་ཡོད་པས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར། 

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་མིག་སྔར་ད་རུང་བར་སྣང་འཇབ་རྒོལ་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

ཉེ་བའི་དུས་སྐབས་ཤིག་གི་ནང་། ཧུའུ་སེ་དྲག་ཆས་པས་ཏཱ་ལེ་ཨ་ཞིང་ཆེན་དུ་གཞི་རྒྱ་ཆེ་བའི་འཇབ་རྒོལ་དོན་རྐྱེན་བཟོས། བསྒྲགས་པ་ལྟར་ན། ཏཱ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་སྐོར་ཞིག་ཧུའུ་སེ་དྲག་ཆས་པས་བཙན་བཟུང་བྱས་ཡོད་པ་དང་། སྲིད་གཞུང་དམག་དཔུང་གིས་ས་ཁུལ་དེའི་སྡེ་བ་སྐོར་ཞིག་ཚོད་འཛིན་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།