ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བཅུ་དགུའི་ཚན་རིག་པ་གླིང་སྣེ་བྱང་མར་སོང་ནས་ནམ་ཟླའི་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་བཅུ་དགུ་ནས་ཡོང་བའི་མཉམ་འབྲེལ་ཚན་རིག་པའི་རུ་ཁག་ཉེ་སྔོན་འཇར་མན་གྱི་བྱང་སྐར་རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ལ་བསྡད་དེ་གླིང་སྣེ་བྱང་མར་སོང་བ་དང་། ཁོ་ཚོས་དུས་ཡུན་ལོ་གཅིག་གི་དུས་ཚིགས་ཧྲིལ་བོའི་འཁོར་ཡུན་ནང་། གླིང་སྣེ་བྱང་མ་ལྟེ་བར་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐད་ནས་ཚན་རིག་ཞིབ་འཇུག་བྱ་བ་སྤེལ་རྒྱུ་རེད། དེ་ནི་ད་ལྟའི་བར་གཞི་རྒྱ་ཆེས་ཆེ་བའི་གླིང་སྣེ་བྱང་མའི་ཚན་རིག་རྟོག་ཞིབ་ལས་གཞི་ཞིག་རེད། 

ཚན་རིག་རྟོག་ཞིབ་ལས་གཞི་དེར་འགྲོ་སོང་ཡོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ཙམ་བཏང་ཡོད། ལས་གཞིའི་དཔོན་ཕྱོགས་དྲ་ཚིགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། འཇར་མན་དང་ཨ་མེ་རི་ཁ། ཀྲུང་གོ། ཨུ་རུ་སི་སོགས་རྒྱལ་ཁབ་བཅུ་དགུའི་ཚན་རིག་ཞིབ་འཇུག་ལས་ཁུངས་བདུན་ཅུ་ལྷག་ནས་ཡོང་བའི་མཉམ་འབྲེལ་ཚན་རིག་པའི་རུ་ཁག་དེ་ཚེས་ཉི་ཤུ་ཉིན་གྱི་ནམ་གུང་གྲུ་གཟིངས་ལ་བསྡད་དེ་ནོར་ཝེའི་བྱང་ཕྱོགས་ཀྱི་ཐི་ལོ་མུའུ་སི་ནས་ལམ་དུ་ཆས། མིག་སྔར་གླིང་སྣེ་བྱང་མའི་བགྲོད་བཞིན་པའི་སྒང་ཡིན། 

རུ་ཁག་དེས་ལམ་བར་ནས་འཁྱག་རོམ་སྟེང་དུ་ཚན་རིག་ཞིབ་འཇུག་གི་ལྟ་ཞིབ་ས་ཚིགས་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཚན་རིག་པས་རེས་བསྐོར་ནས་ཚན་རིག་ཞིབ་འཇུག་སྣ་ཚོགས་སྤེལ་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་ཧྲིལ་བོ་ལག་བསྟར་བྱེད་སྐབས་དེར་ཞུགས་པའི་ཚན་རིག་པ་ཧ་ལམ་མི་དྲུག་བརྒྱ་ཙམ་ཡོད་པ་རེད། 

རུ་ཁག་གི་འགན་ཁུར་བ། འཇར་མན་གྱི་ཨ་ཨར་ཧྥོ་ལོས་ཏི*ཝེ་ཀི་ནཱ་ཞིབ་འཇུག་ཁང་ནས་ཡོང་བའི་མཱ་ཁུའུ་སི*ལོས་ཁི་སི་ཡིས་ལམ་དུ་མ་ཆས་གོང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་དོན། ཁོ་ཚོས་གླིང་སྣེ་བྱང་མ་ནས་མྱུར་མཁོའི་གཞི་གྲངས་དང་བརྡ་འཕྲིན་འཚོལ་སྡུད་བྱས་ཏེ་སའི་གོ་ལའི་ནམ་ཟླར་རྒྱུས་ལོན་བྱེད་པའི་རེ་བ་ཡོད་ཟེར། 

མཱ་ཁུའུ་སི*ལོས་ཁི་སི་ཡིས་བཤད་རྒྱུར། གླིང་སྣེ་བྱང་མ་ནི་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ལྟེ་གནས་ལྟ་བུ་ཡིན་ཡང་། མིའི་རིགས་ཀྱིས་ནམ་ཟླའི་མ་ལག་ཁྲོད་རྒྱུས་ལོན་ཆེས་ཉུང་བའི་གནས་ཤིག་ཡིན། དེང་སྐབས་ནམ་ཟླའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ནམ་ཟླའི་རྣམ་པ་མང་བོའི་ཁྲོད། གླིང་སྣེ་བྱང་མ་ས་ཁུལ་ནི་ཆེས་གཏན་འཇགས་མིན་པའི་ས་ཁོངས་ཤིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་དྲོར་འགྲོ་ཚད་ཆེས་མྱུར་བའི་ས་ཁུལ་ཞིག་ཀྱང་ཡིན་པ་རེད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།