ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་སློབ་གྲྭ་ཞིག་གི་སློབ་ཁང་རྡིབས་ནས་ཉུང་མཐར་ཡང་སློབ་མ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ཀྱི་སློབ་གྲྭ་ཞིག་གི་སློབ་ཁང་ལ་ཚེས་ཉེར་གསུམ་ཉིན་རྡིབས་སྐྱོན་ཤོར་ནས། ཉུང་མཐར་ཡང་སློབ་མ་བདུན་རྐྱེན་ལམ་དུ་ཤོར་བ་དང་། སློབ་མ་ང་དགུར་རྨས་ཕོག་ཡོད་ཟེར། 

ཁུན་ནེ་ཡཱའི་སྲིད་གཞུང་གི་མགྲིན་ཚབ་པ་ཨོ་ཀུའུ་ནཱ་ཡིས་དོན་དེའི་རྗེས་སུ་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དོན་རྐྱེན་དེ་ནི་ཉིན་དེའི་ཞོགས་པར་བྱུང་བ་དང་། སློབ་གྲྭའི་སློབ་ཁང་ཞིག་གློ་བུར་དུ་རྡིབས་པ་རེད། མིག་སྔར་སློབ་མ་བདུན་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས་ཡོད་ལ། རྨས་ཕོག་པའི་སློབ་མ་ང་དགུ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། སྲིད་གཞུང་གིས་རྨས་ཕོག་པའི་སློབ་མར་གསོ་བཅོས་གྲོན་དངུལ་སྟེར་རྒྱུ་རེད་ཟེར། 

ནེ་ལོ་པུས་ཀྱི་ཧྲིན་ཡའོ་ཧན་མྱུར་སྐྱོབ་ལྟེ་གནས་ཀྱི་སྤྱི་གཉེར་བ་མཱ་ཅི་ཝ་ཡིས་བཤད་རྒྱུར། རྡིབས་སྐྱོན་ཤོར་བའི་ཁང་བ་དེ་ནི་ལྕགས་ཤུན་དང་ཤིང་ཆ་ལས་གྲུབ་པ་ཡིན་ཟེར། ཤི་རྨས་ཐེབས་པའི་སློབ་མའི་ཁྱིམ་བདག་གིས་བཤད་རྒྱུར། སློབ་ཁང་ལ་རྡིབས་སྐྱོན་ཤོར་བའི་རྒྱུ་རྐྱེན་ནི་རྒྱུ་སྤུས་ཧ་ཅང་ཞན་པས་རེད་ཟེར། 

མིག་སྔར་རྒུད་སྐྱོབ་རུ་ཁག་གིས་ཁང་བའི་ཞིག་རོའི་ནང་སྔོག་བཤེར་བྱེད་བཞིན་ཡོད་པ་དང་། མིག་སྔར་ད་རུང་ཞིག་རོའི་འོག་ཏུ་མནན་པའི་མི་ཡོད་མེད་གསལ་བོར་མི་ཤེས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།