མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡིས་སི་རི་ཡཱའི་སྲིད་གཞུང་དང་མཉམ་དུ་སྤེལ་བའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་དང་འབྲེལ་བའི་གྲོས་བསྡུར་ལ་ལེགས་འགྲུབ་ཆེན་པོ་བྱུང་ཡོད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་པིས་ཏི་སིན་གྱིས་ཚེས་ཉེར་གསུམ་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་བསྟན་དོན། ཁོས་སི་རི་ཡཱའི་སྲིད་གཞུང་དང་མཉམ་དུ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱེད་པའི་ཐད་ནས་གྲོས་བསྡུར་བྱས་པར་ལེགས་འགྲུབ་ཆེན་པོ་བྱུང་ཡོད་ཟེར། 

པིས་ཏི་སིན་གྱིས་ཉིན་དེར་སི་རི་ཡཱའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་ལས་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཨ་ལེ་མུའུ་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཕྱོགས་གཉིས་ཀྱི་སྐོར་ཐེངས་གསར་བའི་ལེགས་འགྲུབ་ཆེན་པོ་བྱུང་བའི་གྲོས་བསྡུར་མཇུག་སྒྲིལ་བ་དང་། བྱེད་ཐབས་སྤྱད་དེ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱེད་པ་དང་འབྲེལ་བའི་སྔར་གནས་གནད་དོན་རེ་འགའ་ཐག་གཅོད་བྱས་ཡོད་ཟེར། 

པིས་ཏི་སིན་གྱིས་བསྟན་དོན། ཁོས་ཉིན་དེར་ད་རུང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་སི་རི་ཡཱའི་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་ཧཱ་ལི་ལི་དང་མཉམ་དུ་གྲོས་བསྡུར་གང་ལེགས་བྱས་ཟེར། 

པིས་ཏི་སིན་ཚེས་ཉེར་གཉིས་ཉིན་ཏཱ་མཱ་ཧྲི་ཀི་རུ་འབྱོར་ནས་སི་རི་ཡཱ་ལ་འཚམས་འདྲི་བྱེད་མགོ་བརྩམས། བྱ་བའི་བཀོད་སྒྲིག་ལྟར་དུ། པིས་ཏི་སིན་གྱིས་དེའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་རང་གིས་སི་རི་ཡཱའི་སྲིད་གཞུང་དང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་བར་གྲོས་བསྡུར་བྱས་པའི་མཇུག་འབྲས་སྙན་ཞུ་བྱེད་རྒྱུ་ཡིན་པ་དང་། ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་ཉིག་ཡོ་རུ་སོང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་རྒྱུ་རེད། 

གཞན་ཡང་སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མུའུ་ཨ་ལེ་མུའུ་ཡིས་པིས་ཏི་སིན་དང་གྲོས་མོལ་བྱེད་སྐབས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་གིས་ཆབ་སྲིད་འཕེལ་རིམ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉའི་བར་མཉམ་ལས་བྱས་ཏེ། སི་རི་ཡཱ་གཙོ་བོར་གྱུར་བའི་ཆབ་སྲིད་ཀྱི་ཐག་གཅོད་བྱེད་ཐབས་ཤིག་འགོད་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།