ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་སོ་སོས་བྱེ་བྲག་གི་འགུལ་སྐྱོད་སྤེལ་ཏེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་འགུལ་སྐྱོད་ཀྱི་མཐོ་རིམ་གྲོས་ཚོགས་ཚེས་ཉེར་གསུམ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་ཐོག་ནས་ཚོགས་ཞུགས་རྒྱལ་ཁབ་སོ་སོས་བྱེ་བྲག་གི་འགུལ་སྐྱོད་སྤེལ་ཏེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་གནོད་འཚེ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་ནམ་ཟླའི་གནས་ཚུལ་འཁྲབ་བཤད་བྱེད་པའི་མཐོ་རིམ་གྲོས་ཚོགས་ཤིག་མིན་པ་དང་། དམིགས་ཡུལ་ནི་བྱེ་བྲག་གི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན་ཟེར། ཁོས་བཤད་རྒྱུར། ད་ཡོད་ཀྱི་ཚན་རྩལ་ལ་བརྟེན་ནས་ལག་རྩལ་ཚབ་བྱེད་ལག་བསྟར་བྱས་ན། འཛམ་གླིང་ཡོངས་ཀྱི་ཐན་གྱི་ཕྱིར་གཏོང་ཚད་བརྒྱ་ཆའི་བདུན་ཅུ་ཇེ་ཉུང་དུ་གཏོང་ཐུབ། རྒྱལ་ཁབ་སོ་སོས་རྡོ་སྣུམ་འབར་རྫས་ཀྱི་བཟོ་ལས་དང་རྡོ་སོལ་གློག་འདོན་བཟོ་གྲྭ་འཛུགས་པར་ཁ་གསབ་མ་དངུལ་སྟེར་མཚམས་འཇོག་དགོས་པ་དང་། ཞོར་དུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་ཀྱི་ནོར་སྲིད་རྒྱབ་སྐྱོར་ལ་ཤུགས་སྣོན་བྱ་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་ནས་ནམ་ཟླའི་འགྱུར་ལྡོག་འཚམ་པར་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ཇེ་དལ་དུ་གཏོང་བ་གཉིས་གལ་འགངས་ཆེ་བར་མངོན་པ་དང་། བབ་བསྟུན་གྱི་ནུས་པའི་འཛུགས་སྐྲུན་དེ་རྒྱལ་ཁབ་དང་སྡོད་ཁུལ་རེ་འགའི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འགོག་ནུས་ཇེ་དྲག་ཏུ་གཏོང་བར་ལྷག་ཏུ་གལ་ཆེན་ཡིན་ཟེར། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་འགུལ་སྐྱོད་ཁྱབ་ཁོངས་ཆེན་མོར་ནམ་ཟླའི་མ་དངུལ་དང་། ནུས་ཁུངས་ལེགས་བསྒྱུར། བཟོ་ལས་ཀྱི་འཕེལ་སྟངས་བསྒྱུར་བ། རང་བྱུང་ལ་གཞིར་བཅོས་པའི་ཐག་གཅོད་ཇུས་གཞི། ན་གཞོན་དང་སྐུལ་སློང་། སྤྱི་ཚོགས་ཀྱི་འཕེལ་སྟབས་བསྒྱུར་བ་སོགས་འདུས། མཐོ་རིམ་གྲོས་ཚོགས་ཀྱི་གྲོས་རིམ་ལྟར་ན། རྒྱལ་ཁབ་ཀྱི་སྲིད་གཞུང་མགོ་གཙོ་དང་། རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས། ཁེ་ལས། དམངས་ཁྲོད་འཐུས་མི་སོགས་མི་བརྒྱ་ཙམ་གྱིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་རྒྱུ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།