ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ཉིས་སྟོང་སུམ་ཅུ་ལོའི་སྔོན་དུ་དྲོད་རླངས་ཕྱིར་འདོན་གྱི་ཚད་བརྒྱ་ཆའི་ཞེ་ལྔ་ཇེ་ཉུང་དུ་གཏོང་བའི་འཆར་གཞི་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡི་ཁོངས་སུ་གཏོགས་པའི་འཛམ་གླིང་བརྒྱུད་སྒྲོག་པུའུ་ཡིས་ཚེས་ཉེར་གཉིས་ཉིན་སྤྱི་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ནམ་ཟླའི་འགུལ་སྐྱོད་ཀྱི་ལོ་བཅུའི་འཆར་གཞི་གསར་བ་ཞིག་ལ་གྲོས་མཐུན་བཀོད་པ་དང་། ཉིས་སྟོང་སུམ་ཅུ་ལོའི་སྔོན་དུ་དྲུང་ཡིག་ཁྲུའུ་དང་འབྲེལ་བའི་དྲོད་རླངས་ཕྱིར་གཏོང་གི་ཚད་བརྒྱ་ཆའི་ཞེ་ལྔ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགུལ་སྐྱོད་ཀྱི་མཐོ་རིམ་གྲོས་ཚོགས་བསྡུ་ལ་ཉེ་བའི་སྐབས་སུ་འཆར་གཞི་དེར་གྲོས་འཆམ་བྱུང་བ་རེད། འཆར་གཞི་ལྟར་ན། དྲུང་ཡིག་ཁྲུའུ་ཡིས་ཉིས་སྟོང་ཉེར་ལྔ་ལོའི་ཡར་སྔོན་དུ་དྲོད་རླངས་ཕྱིར་གཏོང་གི་ཚད་བརྒྱ་ཆའི་ཉེར་ལྔ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། ཉིས་སྟོང་སུམ་ཅུ་ལོའི་སྔོན་དུ་བརྒྱ་ཆའི་ཞེ་ལྔ་ཇེ་ཉུང་དུ་གཏོང་རྒྱུ་རེད། དེ་བས་དྲུང་ཡིག་ཁྲུའུ་ཡིས་ཉིས་སྟོང་ཉེར་ལྔ་ལོའི་སྔོན་དུ་མི་རེའི་ཆ་སྙོམས་ཀྱི་གློག་བཀོལ་ཚད་བརྒྱ་ཆའི་ཉི་ཤུ་ཇེ་ཉུང་དུ་གཏོང་བ་དང་། ཉིས་སྟོང་སུམ་ཅུ་ལོའི་སྔོན་དུ་བརྒྱ་ཆའི་སོ་ལྔ་ཇེ་ཉུང་དུ་གཏོང་རྒྱུ་རེད། དེ་ལས་གཞན་དྲུང་ཡིག་ཁྲུའུ་ཡིས་ད་རུང་མི་རྣམས་ཚོང་དོན་འགྲུལ་སྐྱེལ་གནམ་གྲུར་སྡོད་པ་དང་བྱ་འགུལ་རྩ་འཛུགས་བྱེད་པ་སོགས་ཀྱི་ཐད་ནས་བྱེ་བྲག་ཏུ་དྲོད་རླངས་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་གཏན་འཁེལ་བྱས་ཡོད་པ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་དྲོད་རླངས་ཕྱིར་གཏོང་གི་བརྒྱ་ཆའི་ཞེ་ལྔ་གཞུང་སྒྲུབ་དང་མཁོ་སྒྲུབ་སྒྲིག་ཆས་ལས་བྱུང་བ་ཡིན་པ་དང་། བརྒྱ་ཆའི་ཞེ་གཉིས་ནི་མཁའ་འགྲུལ་འགྲུལ་བཞུད་ལས་བྱུང་བ་རེད། བརྒྱ་ཆའི་བཅུ་གསུམ་ནི་འགྲིམ་འགྲུལ་ཡོ་བྱད་གཞན་པ་ལས་བྱུང་བ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡི་དྲོད་རླངས་ཕྱིར་གཏོང་གི་ཚད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ཧྲིལ་བོའི་བརྒྱ་ཆའི་ང་བརྒྱད་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།