ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་དབུས་མའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ནུས་ཁུངས་ཁྱབ་ཁོངས་ཀྱི་རྒྱལ་ཁོངས་བརྒལ་བའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་དབུས་མའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྐོར་ཞིག་གི་ནུས་ཁུངས་པུའུ་ཀྲང་གིས་ཚེས་ཉི་ཤུའི་ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་ས་ཐཱ་ཧྲི་ཀན་ནས་ནུས་ཁུངས་པུའུ་ཀྲང་གི་གྲོས་མོལ་ཚོགས་འདུ་སྤེལ་བར་མ་ཟད་མཉམ་འབྲེལ་བསྒྲགས་གཏམ་བཀོད་དེ། ནུས་ཁུངས་ཁྱབ་ཁོངས་ཀྱི་རྒྱལ་ཁོངས་བརྒལ་བའི་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་ས་ཁོངས་ཀྱི་ནུས་ཁུངས་ཚོང་ར་འཛུགས་པའི་དམིགས་འབེན་ལ་ཁ་ཕྱོགས་འབད་བརྩོན་བྱས། 

དེ་ནི་ཨེ་ཤ་ཡཱ་དབུས་མའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཐོག་དང་པོར་ནུས་ཁུངས་པུའུ་ཀྲང་གི་གྲོས་མོལ་སྤེལ་བ་རེད། ཨ་ཧྥུའུ་ཧན་དང་ཨ་སེད་པེད་ཅང་། ཀི་ལུའུ་ཅི་ཡཱ། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། མོང་གོལ། ཕཱ་ཁི་སི་ཐན། ཐཱ་ཅི་ཁི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ནུས་ཁུངས་པུའུ་ཀྲང་གིས་ས་ཁུལ་གྱི་ནུས་ཁུངས་འགྲན་རྩོད་ལ་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་སོ་སོའི་གློག་ཤུགས་སྦྲེལ་མཐུད་དང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་དང་དག་གཙང་ལག་རྩལ་གསར་སྤེལ་བྱེད་པའི་མཉམ་འབྲེལ་བསྒྲགས་གཏམ་ཞིག་བཀོད། 

ཨེ་ཤ་ཡཱའི་གསར་སྤེལ་དངུལ་ཁང་གི་མགོ་བ་གཞོན་པ་ཀུའུ་ཕུའུ་ཐཱ་ཡིས་བསྟན་དོན། ཨེ་ཤ་ཡཱ་དབུས་མའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཀྱང་། ཁྱབ་ཚད་ཆ་སྙོམས་མིན་པ་རེད། རྒྱལ་ཁབ་རེ་འགར་གློག་ཤུགས་དཀོན་པའི་སྣང་ཚུལ་ཡོད། དཔལ་འབྱོར་འཕར་སྣོན་ལ་ཁག་ཐེག་བྱེད་ཆེད། ས་ཁུལ་དེས་ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་ད་ཡོད་ཀྱི་གློག་ཤུགས་སྒྲིག་ཆས་ཀྱི་ཤོང་ཚད་ལྡབ་གཅིག་གིས་ཇེ་མཐོར་གཏོང་དགོས་པ་དང་། ཚོད་དཔག་བྱས་ན་དོན་དེར་ཨ་མེ་རི་ཁའི་སྒོར་མོ་ཁྲག་ཁྲིག་བཞི་ཙམ་གཏོང་དགོས་ཟེར། 

ཨེ་ཤ་ཡཱ་དབུས་མའི་ས་ཁོངས་དཔལ་འབྱོར་མཉམ་ལས་ནི་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་ནང་ཨེ་ཤ་ཡཱའི་གསར་སྤེལ་དངུལ་ཁང་གིས་གྲོས་གཞི་བཏོན་པ་ལྟར་བཙུགས་པ་ཡིན་ཞིང་། ཨེ་ཤ་ཡཱ་དབུས་མའི་དཔལ་འབྱོར་མཉམ་ལས་རྐྱེན་སྲོལ་གལ་ཆེན་ཞིག་ཡིན་པ་དང་། དམིགས་ཡུལ་ནི་ཁྱབ་ཁོངས་གཙོ་བོའི་ས་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཁོངས་གཏོགས་རྒྱལ་ཁབ་དག་གིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་པའི་ཆེད་དུ་རེད། 

མིག་སྔར་མཉམ་ལས་རྐྱེན་སྲོལ་དེའི་ཁོངས་གཏོགས་རྒྱལ་ཁབ་ལ་ཀྲུང་གོ་དང་། ཨ་ཧྥུའུ་ཧན། ཨ་སེད་པེད་ཅང་། ཀི་ལུའུ་ཅི་ཡཱ། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། མོང་གོལ། ཕཱ་ཁི་སི་ཐན། ཐཱ་ཅི་ཁི་སི་ཐན། ཐུའུ་ཁུའུ་མན་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་འདུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།