ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་ཡིས་མཚོ་ཁུགས་ས་ཁུལ་དུ་དམག་མི་ཁ་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུའི་ཉིན་བསྟན་དོན། སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་ཐེབས་རྗེས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་མཚོ་ཁུགས་ས་ཁུལ་དུ་དམག་མི་ཁ་སྣོན་བྱས་ཏེ་ས་ཁུལ་དེའི་མནའ་མཐུན་དག་གི་འགོག་སྲུང་ནུས་པར་ཤུགས་སྣོན་བྱེད་པར་ཆོག་མཆན་བཀོད་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་དང་གྲོས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏུན་ཧྥུའུ་ཏི་ཡིས་ཉིན་དེའི་དགོང་མོར་སྤེལ་བའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རེ་བ་ལྟར་དུ། ཨ་མེ་རི་ཁས་ས་ཁུལ་དེར་འཕུར་མདའི་འགོག་སྲུང་མ་ལག་དང་བཅས་པའི་མཁའ་སྲུང་སྟོབས་ཤུགས་བཀོད་སྒྲིག་བྱེད་རྒྱུ་རེད་ཟེར། ཁོ་གཉིས་ཀྱིས་ཐེངས་འདིར་བཀོད་སྒྲིག་བྱེད་པའི་བྱེ་བྲག་གི་མི་སྣའི་ཁ་གྲངས་སོགས་གསལ་བོར་བསྒྲགས་མེད། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཀྱིས་དེའི་སྔོན་བཤད་རྒྱུར། ཨ་མེ་རི་ཁས་དབུས་ཤར་ས་ཁུལ་དུ་དམག་ཤུགས་སྔར་ལས་མང་བོ་བཀོད་སྒྲིག་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར། དེའི་ནང་འཕུར་མདའི་མ་ལག་ལ་རྒོལ་བ་དང་འཐབ་འཛིང་གནམ་གྲུ་རུ་ཁག་རེ་རེ་འདུས་ཟེར། 

ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་ད་རུང་དབྱི་ལིང་གི་ཀྲུང་དབྱང་དངུལ་ཁང་སོགས་དབྱི་ལིང་གི་ཚོགས་ཁག་གསུམ་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དེ་ནི་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་ཐེབས་པའི་རྒོལ་ལན་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།