ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་ཤར་ཕྱོགས་ས་ཁུལ་དུ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་སེར་དཀྱུས་མ་ཉེར་ལྔར་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་བདེ་འཇགས་སྡེ་ཁག་གིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཡེ་མིན་ཤར་ཕྱོགས་ཀྱི་ཧཱ་ཏི་ལཱ་མའོ་ཞིང་ཆེན་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་སེར་དཀྱུས་མ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཅིག་ལ་རྨས་ཕོག་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་པོ་ཞིག་གིས་བཤད་རྒྱུར། མི་སེར་དཀྱུས་མ་ཞེ་དྲུག་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཧཱ་ཏི་ལཱ་མའོ་ཞིང་ཆེན་གྱི་ཤར་ཕྱོགས་མཐའ་མཚམས་ས་ཁུལ་དུ་བགྲོད་སྐབས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་སྣར་ཤི་རྨས་བཟོས་པ་རེད། རྨས་མའི་གྲས་སུ་མི་དྲུག་གི་རྨས་སྐྱོན་ཚབས་ཆེན་ཡིན་པ་རེད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འགས་གཏོར་འཇབ་རྒོལ་གྱི་དམིགས་ཡུལ་ནི་ལམ་དེ་བརྒྱུད་པའི་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་ཡིན་པ་རེད་ཟེར། 

ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་རུ་དཔུང་ཞིག་གིས་ཧཱ་ཏི་ལཱ་མའོ་ཞིང་ཆེན་དབུས་ཕྱོགས་ཀྱི་ཞེ་པཱ་མུའུ་གྲོང་ཁྱེར་དུ་སྐོར་ཞིག་སྐོར་གཡེང་བྱེད་སྐབས་འགས་གཏོར་འཇབ་རྒོལ་ཐེབས་ཏེ་དམག་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་གཅིག་ལ་རྨས་ཕོག་ཟེར། 

མིག་སྔར་རྩ་འཛུགས་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁས་ལེན་བྱས་མེད། གོང་གི་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་གསར་འགོད་པར་བཤད་རྒྱུར། གྱོད་དོན་བཟོ་སྟངས་ཀྱི་ཐད་ནས་བལྟས་ན། འཇབ་རྒོལ་དོན་རྐྱེན་དེ་གཉིས་ནི་རྟེན་གཞི་རྩ་འཛུགས་ཀྱི་ཨ་རབ་ཕྱེད་གླིང་གི་ཡན་ལག་རུ་ཁག་གིས་བཟོས་པ་ཡིན་ངེས་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།