ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཀྲུང་གོ་ཡིས་འབྲུ་རིགས་ཀྱི་གྱོང་གུད་ཇེ་ཉུང་དུ་གཏོང་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེད་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་སྤེལ་བཞིན་པའི་འབྲུ་རིགས་དང་འབྲེལ་བའི་གྲོས་ཚོགས་སྟེང་དུ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཀྲུང་གོའི་ཚོགས་ཞུགས་འཐུས་མི་ཚོས་བལྟས་ན། སྔར་ལས་ལྷག་པའི་སྒོ་ནས་འབྲུ་རིགས་ཀྱི་གྱོང་གུད་ཇེ་ཉུང་དུ་གཏོང་བའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་པར་འདོད། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞིང་ལས་དང་ཞིང་སྡེའི་ལས་དོན་གྱི་འགན་ཁུར་མཁན་ཨེ་ཏི་མུའུ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་ནི་འཛམ་གླིང་སྟེང་འབྲུ་རིགས་ཆེས་བདེ་འཇགས་མིན་པའི་སྐམ་ས་ཆེན་མོ་ཞིག་ཡིན་ཞིང་། ཧ་ལམ་མི་བཞིའི་གྲས་སུ་མི་གཅིག་ལ་འཚོ་བཅུད་མི་འདང་བའི་སྣང་ཚུལ་ཡོད། སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་དུ། ཚོད་དཔག་བྱས་ན་ལོ་རེའི་འབྲུ་རིགས་གྱོང་གུད་ཏུན་དུང་ཕྱུར་གཅིག་ལས་བརྒལ་བ་ཡོད་པ་དང་། འབྲུ་རིགས་དེ་དག་གིས་མི་བྱེ་བ་བཞི་དང་ས་ཡ་བརྒྱད་ཀྱི་ལོ་གཅིག་རིང་གི་འབྲུ་རིགས་དགོས་མཁོ་བསྐང་ཐུབ། ཚོད་དཔག་བྱས་ན་ཉིས་སྟོང་ལྔ་བཅུ་ལོར་བསླེབ་དུས་ཨ་ཧྥེ་རི་ཁ་གླིང་གི་མི་གྲངས་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔར་བསླེབ་སྲིད་ལ། འབྲུ་རིགས་བདེ་འཇགས་ཐད་ཀྱི་འགྲན་རྩོད་སྔར་ལས་ཚབས་ཆེན་དུ་འགྱུར་སྲིད་ཟེར། 

ཨེ་ཏི་མུའུ་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་འབྲུ་རིགས་གནད་དོན་གྱི་ཚབས་ཆེན་རང་བཞིན་ཤེས་ཡོད་པ་དང་། ནམ་རྒྱུན་ཀྲུང་གོའི་བར་མཉམ་ལས་བྱེད་པར་བརྩོན་བཞིན་ཡོད། ཀྲུང་གོས་དབུལ་སེལ་དང་ཞིང་ལས་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། ཀྲུང་གོས་འབྲུ་རིགས་དོ་དམ་དང་ཞིང་ཞོར་ཐོན་རྫས་ཀྱི་ལས་སྣོན་སོགས་ཐད་ཀྱི་ཉམས་མྱོང་བཟང་བོར་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་སློབ་སྦྱོང་བྱེད་པའི་རིན་ཐང་ལྡན་ཟེར། 

ཀྲུང་གོའི་རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུའུ་ཡི་ཚན་རིག་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ་ཀྲང་ཡུང་ཡེ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས། ཀྲང་ཡུང་ཡེ་ཡིས་བསྟན་དོན། ཀྲུང་གོའི་འབྲུ་རིགས་ཀྱི་གྱོང་གུད་ཇེ་ཉུང་དུ་གཏོང་བའི་དོ་དམ་ཉམས་མྱོང་དང་འབྲེལ་ཡོད་ལག་རྩལ་མཚམས་སྦྱོར་བྱས་ན། ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་དངོས་གཉེར་གྱི་གྲུབ་འབྲས་མང་བོ་ཐོབ་པར་ཕན་ཐོགས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།