ཀྲུང་གོ་བོད་ཀྱི་དྲ་བ།

ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་གིས་ཀྲུང་གོ་དང་ལཱ་ཐའོ་ཝེ་ཡཱའི་བར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ལྡན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་ལའེ་ཝེ་ཚི་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཀྲུང་གོ་ནི་ལཱ་ཐའོ་ཝེ་ཡཱའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ཞིང་། ཕྱོགས་གཉིས་བར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་ཟེར། 

ལའེ་ཝེ་ཚི་ཡིས་ཉིན་དེར་ལཱ་ཐའོ་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིང་ཅན་ཆོན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ལའེ་ཝེ་ཚི་དང་ལིང་ཅན་ཆོན་གྱིས་ལཱ་ཐའོ་ཝེ་ཡཱ་དང་ཀྲུང་གོའི་འབྲེལ་བ་དང། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱས། 

ལའེ་ཝེ་ཚི་ཡིས་བཤད་རྒྱུར། ཀྲུང་གོ་ནི་ལཱ་ཐའོ་ཝེ་ཡཱའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་གནས་སྐོར། དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་པ་བཟང་ཞིང་སྦས་ཤུགས་ཆེན་པོ་ཡོད། ལཱ་ཐའོ་ཝེ་ཡཱ་ཡིས་ཀྲུང་གོའི་ཚོང་རར་མཐོང་ཆེན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་ཉོ་ཚོང་དངུལ་གཏོང་ལ་ཤུགས་སྣོན་བྱེད་འདོད་ཡོད་ལ། ལཱ་ཐའོ་ཝེ་ཡཱའི་ཁེ་ལས་དག་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུར་ཞུགས་པར་སྤྲོ་བ་ཆེན་པོ་ཡོད་ཟེར། 

ལའེ་ཝེ་ཚི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས། ལཱ་ཐའོ་ཝེ་ཡཱ་ཡིས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་འདོད་ཡོད་ཟེར། 

ལིང་ཅན་ཆོན་གྱིས་ལཱ་ཐའོ་ཝེ་ཡཱ་ཕྱོགས་དང་མཉམ་དུ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་། ཕྱོགས་གཉིས་ཀྱི་འགྲོ་འོང་གི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཤིང་། ཧུར་ཐག་སྒོས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།