ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་གྱིས་ཐེངས་གཉིས་པར་འདེམ་ཤོག་འཕེན་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུ་ནི་ཞི་ཡཱའི་ཆེས་མཐོའི་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བདུན་ཉིན་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕངས་པའི་མཇུག་འབྲས་ཁྱབ་སྒྲོག་བྱས། འདེམ་ཤོག་ཐོབ་ཚད་ཕྱེད་ཀ་ལས་བརྒལ་བའི་མི་གཅིག་ཀྱང་མེད་པས། འདེམ་ཤོག་ཐོབ་པ་ཆེས་མང་བའི་འདེམ་སྒུག་མི་སྣ་གཉིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་རྒྱུ་རེད། 

ཐུ་ནི་ཞི་ཡཱའི་ཆེས་མཐོའི་རང་བཙན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧྥུན་གྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། སྒེར་གྱི་འདེམ་སྒུག་མི་སྣ། སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་དགེ་རྒན་ཆེན་མོ་སེ་དབྱེ་ཏི་དང་ཐུ་ནི་ཞི་ཡཱའི་སེམས་ཞེས་པའི་ཏང་གི་སྲོལ་འབྱེད་མཁན་ཁཱ་ལུའུ་དབྱེ་གཉིས་ལ་ཚེས་བཅོ་ལྔའི་ཙུང་ཐུང་འདེམ་བསྐོའི་ཁྲོད་སོ་སོར་བརྒྱ་ཆའི་བཅོ་བརྒྱ་དང་གྲངས་ཆུང་བཞི་དང་། བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་ལྔ་བརྒྱད་ཀྱི་འདེམ་ཤོག་ཐོབ་ནས། འདེམ་སྒུག་མི་སྣ་ཚང་མའི་ཁྲོད་འདེམ་ཤོག་ཐོབ་ཚད་ཆེས་མང་བོ་རེད། འདེམ་ཤོག་ཐོབ་ཚད་ཕྱེད་ཀ་ལས་བརྒལ་བའི་མི་གཅིག་ཀྱང་མེད་པས། ཁོ་གཉིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་ནས་རྒྱལ་ཕམ་རྩོད་རྒྱུ་རེད། 

ཐུ་ནི་ཞི་ཡཱ་ཡིས་ཟླ་འདིའི་ཚེས་བཅོ་ལྔ་ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་། ཐོ་འགོད་བྱས་པའི་འདེམ་དམངས་ས་ཡ་བདུན་ལྷག་ཡོད་པ་དང་། འདེམ་ཤོག་འཕངས་པའི་ཚད་བརྒྱ་ཆའི་ཞེ་ལྔ་རེད། བསྡོམས་པས་འདེམ་སྒུག་མི་སྣ་ཉེར་དྲུག་ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་ཡོད། ཚོད་དཔག་བྱས་ན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་དགུ་བའི་ཟླ་མཇུག་ནས་ཟླ་བཅུ་བའི་ཟླ་སྟོད་བར་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།