འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་འཇར་པན་དང་ཨུ་རུ་སིའི་བདེ་སྲུང་ཁྱབ་ཁོངས་ཀྱི་གྲོས་མོལ་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་བདུན་ཉིན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕཱ་ཐི་ལུའུ་ཧྲི་ཧྥུའུ་དང་གྲོས་མོལ་བྱས་པ་དང་། ཨུ་རུ་སི་དང་མཉམ་དུ་བདེ་སྲུང་ཁྱབ་ཁོངས་ནས་དངོས་གཉེར་རང་བཞིན་གྱི་གྲོས་མོལ་བྱས་ཏེ་ཞི་བདེའི་ཆིངས་ཡིག་འགོད་པར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པའི་རེ་བ་བཏོན། 

ཨན་པའེ་ཅིན་སན་གྱིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། འཇར་པན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་ཁོར་ཡུག་འཐུས་ཚང་དུ་གཏོང་ཆེད། རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་དང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བར་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་ཕཱ་ཐི་ལུའུ་ཧྲི་ཧྥུའུ་དང་ལས་འགན་ཁུར་མ་ཐག་པའི་འཇར་པན་རྒྱལ་ཁབ་བདེ་འཇགས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་པེ་ཚོན་གཉིས་ཀྱིས་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན། 

དོན་དེའི་ཐད་ནས་ཕཱ་ཐི་ལུའུ་ཧྲི་ཧྥུའུ་ཡིས་བཤད་རྒྱུར། དེའི་སྔོན་པེ་ཚོན་དང་གྲོས་མོལ་བྱེད་སྐབས། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་ཐད་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིད་འཐད་བྱུང་ཡོད་ཟེར། ཁོས་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཕྱོགས་གཉིས་ཀྱིས་བདེ་སྲུང་ཁྱབ་ཁོངས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བར་གཅིག་གྱུར་ཡིད་འཐད་བྱུང་ཡོད་ཟེར། 

ཟླ་འདིའི་ཚེས་ལྔ་ཉིན། ཨན་པའེ་ཅིན་ཅན་གྱིས་ཨུ་རུ་སིའི་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་སྐབས། ཕུའུ་ཅིན་གྱིས་འཇར་པན་དང་ཨུ་རུ་སིའི་ཞི་བདེའི་ཆིངས་ཡིག་འགོད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡོངས་འགྲུབ་བྱེད་དགོས་པའི་སྐུལ་མ་བཏང་ཡང་། ཨུ་རུ་སིའི་ཕྱོགས་ཀྱིས་བརྗོད་ཚུལ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱི་ཞི་བདེའི་ཆིངས་ཡིག་འགོད་པའི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།