ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཅོར་ཏན་གཙང་བོའི་འགྲམ་བརྒྱུད་རང་གི་མངའ་ཁོངས་སུ་བསྡུ་བའི་འཆར་གཞི་ལ་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་བདུན་ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཏོན་པའི་ཅོར་ཏན་གཙང་བོའི་འགྲམ་བརྒྱུད་དེ་དབྱི་སི་རལ་གྱི་མངའ་ཁོངས་སུ་བསྡུ་བའི་འཆར་གཞི་ལ་སྐྱོན་བརྗོད་བྱས་པ་དང་། འཇར་མན་གྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་རྒྱུན་འཁྱོངས་བྱས་ཏེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གླེང་ཐག་གཅོད་བྱེད་རྒྱུ་བསྐྱར་སྒྲོག་བྱས། 

མའོ་ཁི་ཨར་གྱིས་ཉིན་དེར་པའོ་ལིན་དུ་ཡོད་པའི་ཙུང་ལིའི་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པར་ཐུག་འཕྲད་བྱས། མའོ་ཁི་ཨར་གྱིས་ཐུག་འཕྲད་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཡི་འཆར་གཞི་དེས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ལ་གཏོར་བརླག་བཏང་ཡོད་པས། འཇར་མན་དོན་དེར་འཐད་པ་མིན་ཟེར། 

མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་སྲིད་གཞུང་གིས་གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་། འཇར་མན་གྱིས་བལྟས་ན་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་འདོད། དཀའ་ཁག་ཅི་འདྲ་ཡོད་ཀྱང་། འཇར་མན་གྱིས་དམིགས་འབེན་དེའི་ཕྱོགས་ལ་འབད་བརྩོན་བྱེད་ངེས་ཡིན། དེ་ནི་མི་དམངས་ས་ཡ་མང་བོའི་ཆེད་ཁོ་ན་ཙམ་མ་ཡིན་པར་ས་ཁུལ་ཧྲིལ་བོའི་གཏན་འཇགས་ལའང་གལ་འགངས་ཧ་ཅང་ཆེ་ཟེར། 

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་བཤད་རྒྱུར། ཁོས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཏོན་པའི་འཆར་ཞི་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དོན་དེས་ཐད་ཀར་དུ་ཅོར་ཏན་དང་དབྱི་སི་རལ་གྱི་འབྲེལ་བ་དང་། དེ་མིན་དབྱི་སི་རལ་དང་ཨེ་ཅིབ་ཀྱི་འབྲེལ་བར་ཤུགས་རྐྱེན་ཐེབས་སྲིད། ནེ་ཐཱ་ནི་ཡཱ་ཧུའུ་ཡི་གྲོས་གཞི་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱེད་པར་ཕན་ཐོགས་ཅི་ཡང་མེད་ལ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་མཚོན་ནའང་གནོད་འཚེ་ཆེན་པོ་ཞིག་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།