ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སོ་ཏི་ཨ་རབ་དང་མཉམ་དུ་ས་ཁུལ་གྱི་བདེ་འཇགས་ཐད་ཀྱི་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་ཡིས་ཚེས་བཅོ་ལྔ་ཉིན་གྱི་ནམ་གུང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་པིན་སཱ་ལེ་མན་ལ་ཁ་པར་གཏོང་སྐབས་ནན་གྱིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་སོ་ཏི་ཨ་རབ་དང་མཉམ་དུ་ས་ཁུལ་རང་གི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་བའི་འགྲན་རྩོད་གང་རུང་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

ཨ་པུའུ་ཀྲ་པུས་རྒྱལ་རྒྱུད་ཀྱིས་ཁ་པར་གཏོང་སྐབས་སོ་ཏི་ཨ་རབ་ཀྱི་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིའི་སྒྲིག་ཆས་ལ་ཉེ་སྔོན་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་པར་རྒོལ་གཏམ་བཏང་བ་དང་། གཏོར་བརླག་གི་བྱ་སྤྱོད་དེ་དག་གིས་མཚོ་ཁུགས་ས་ཁུལ་གྱི་ཞི་བདེ་འབད་བརྩོན་ལ་གཏོར་བརླག་ཐེབས་ཡོད་ཟེར། 

ཁོས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་སོ་ཏི་ཨ་རབ་ཀྱི་དམིགས་འབེན་གཅིག་གྱུར་ཡིན་པ་དང་། ཚང་མས་རྒྱལ་ཁབ་གཉིས་དང་མཚོ་ཁུགས་ས་ཁུལ་དུ་འཚོ་སྡོད་བྱེད་པའི་སྡོད་དམངས་དག་གི་བདེ་འཇགས་དང་མ་འོངས་པར་སྲུང་སྐྱོབ་བྱེད་པར་བརྩོན་བཞིན་ཡོད་པར་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སོ་ཏི་ཨ་རབ་ཀྱིས་རང་གི་སྡོད་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་སྤྱད་པའི་བྱེད་ཐབས་དང་འགུལ་སྐྱོད་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་པ་ནན་བཤད་བྱས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།