ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་སོ་ཏི་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ནི་སྔར་བཞིན་ཆམ་ཕབ་གཏོང་སའི་དམིགས་འབེན་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་མངའ་ཁོངས་སུ་འཇབ་རྒོལ་ཐེབས་པའི་རྡོ་སྣུམ་སྒྲིག་ཆས་ནི་སྔར་བཞིན་ཆམ་ཕབ་གཏོང་སའི་དམིགས་འབེན་ཡིན་ཟེར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་བསྟན་དོན། རྟོག་ཞིབ་བྱས་པ་ལས་མངོན་པ་ལྟར་ན། ཉེ་སྔོན་སོ་ཏི་ཨ་རབ་ཀྱི་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པའི་མཚོན་ཆ་ནི་དབྱི་ལིང་ནས་ཐོན་པ་རེད་ཟེར། 

ཧུའུ་སེ་དྲག་ཆས་དམག་དཔུངགི་མགྲིན་ཚབ་པ་སཱ་ལི་ཨ་ཡིས་ཉིན་དེར་སཱ་པཱ་འཕྲིན་གཏོང་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨ་མེ་རྡོ་སྣུམ་ཀུང་ཟིའི་འཇབ་རྒོལ་ཐེབས་པའི་རྡོ་སྣུམ་སྒྲིག་ཆས་ནི་སྔར་བཞིན་དྲག་ཆས་རྩ་འཛུགས་དེའི་ཆམ་ཕབ་གཏོང་སའི་དམིགས་འབེན་ཡིན་པ་དང་། དེར་དུས་ངེས་མེད་དུ་ཡང་བསྐྱར་ཆམ་ཕབ་ཐེབས་ཀྱང་སྲིད་ཟེར། 

སཱ་ལི་ཨ་ཡིས་རྡོ་སྣུམ་སྒྲིག་ཆས་ཡོད་སར་སྡོད་པའི་ཀུང་ཟི་དང་ཕྱི་རྒྱལ་གྱི་མི་དག་ཡུལ་དེ་དང་རིང་དུ་གྱེས་དགོས་པའི་ཉེན་བརྡ་བཏང་། ཁོས་ད་རུང་བཤད་རྒྱུར། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཡེ་མིན་གྱི་བཙན་འཛུལ་དང་དཔལ་འབྱོར་བཀག་སྡོམ་མཚམས་འཇོག་དགོས་ཟེར། 

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨ་མེ་རྡོ་སྣུམ་ཀུང་ཟིའི་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་དེར་སྔར་བཞིན་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། མིག་སྔར་གྱི་སྣང་ཚུལ་ཚང་མ་ལས་ཐེངས་གཉིས་ཀྱི་འཇབ་རྒོལ་ཁྲོད་བེད་སྤྱོད་བྱས་པའི་མཚོན་ཆ་ཚང་མ་དབྱི་ལིང་ནས་ཐོན་པ་གསལ་བོ་རེད་ཟེར། 

ཐུའུ་ཨར་ཅི་ཡིས་ལེ་ཡཱ་ཏི་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་མཚོན་ཆ་གཏོང་འཕེན་བྱེད་སའི་གནས་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། རྟོག་ཞིབ་ཡོངས་འགྲུབ་བྱས་རྗེས་སྨྱན་བྱད་ལས་རིགས་ལ་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། སོ་ཏི་ཨ་རབ་ལ་འཇབ་རྒོལ་ཐག་གཅོད་བྱེད་པ་དང་རང་གི་རྡོ་སྣུམ་གྱི་སྒྲིག་ཆས་གལ་ཆེན་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་ཟེར། 
ཉིན་དེར་དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་ཏེ། སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་གྲོས་བསྡུར་བྱས། 

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མིག་སྔའི་ཉམས་ཉེན་ཁྲོད་ཀྱི་ལངས་ཕྱོགས་ལ་དཔྱད་འཇོག་བྱས་པ་དང་། ཆ་འཕྲིན་བརྗེ་སྤོར་ཐད་ནས་མཉམ་ལས་བྱེད་པར་ཡིད་འཐད་བྱུང་། ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་བསྟན་དོན། དབྱི་ལིང་གིས་གནས་བབ་ཛ་དྲག་ཏུ་འགྲོ་བར་སྔོན་འགོག་བྱེད་པར་བརྩོན་ལེན་བྱས་ཏེ། རང་གི་མངའ་ཁོངས་བེད་སྤྱད་ནས་ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་མཐུན་རྒྱལ་ཁབ་ལ་འཇབ་རྒོལ་བྱེད་པར་བཀག་འགོག་བྱེད་ངེས་ཡིན་ཟེར། ཕིན་ཕའེ་ཨོ་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལས་དབྱི་རག་གི་མངའ་ཁོངས་དེ་ཉེ་སྔོན་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་སའི་གནས་སུ་བེད་སྤྱོད་བྱས་མེད་པ་བདེན་དཔང་ཐོབ་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།