ཀྲུང་གོ་བོད་ཀྱི་དྲ་བ།

གསེར་གྱོམ་རྒྱལ་ཁབ་ཀྱི་རིག་མཛོད་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུ་པཱ་ཞིའི་ཧྲིན་པའོ་ལོ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསེར་གྱོམ་རྒྱལ་ཁབ་ཀྱི་རིག་མཛོད་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུ་ཚེས་བཅུ་གསུམ་ཉིན་པཱ་ཞིའི་ཧྲིན་པའོ་ལོ་ཀྲིག་འཛུགས་སློབ་ཆེན་ནས་སྤེལ། གསེར་གྱོམ་རྒྱལ་ཁབ་དག་གི་མཐོ་རིམ་སློབ་གྲྭ་དང་རིག་མཛོད། ཞིབ་འཇུག་ལས་ཁུངས་བཅས་ཀྱི་མཁས་པ་དག་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་གྲངས་ལྡན་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གྲོས་གཞི་ཆེན་པོ་གཉིས་ལ་དམིགས་ཏེ་བརྗེ་རེས་དང་གྲོས་བསྡུར་བྱས། 

ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེའི་གྲོགས་པོའི་འབྲེལ་བ་གསར་བ་སྟེ། འགན་འཁྲི་དང་ཐབས་ལམ། རྣམ་པ་བཅས་ཡིན། ཀྲུང་གོ་དང་པཱ་ཞི། ཨུ་རུ་སི། ཨ་ཧྥེ་རི་ཁ་ལྷོ་མ། རྒྱ་གར་བཅས་ཀྱི་མཐོ་རིམ་སློབ་གྲྭ་དང་རིག་མཛོད། ཞིབ་འཇུག་ལས་ཁུངས་བཅས་བཅུ་གཅིག་གི་མཁས་པ་བཅུ་གསུམ་གྱིས་ཆེད་དོན་གྲོས་བསྡུར་ཚོགས་འདུ་གཉིས་ཀྱི་སྟེང་དུ་གཏམ་བཤད་གལ་ཆེན་སྤེལ། 

ཧྲིན་པའོ་ལོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཕའེ་ཅེ་ཡིས་གྲོས་བསྡུར་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་དག་གིས་ལོ་བཅུ་ལྷག་གི་རིང་ལ་མཉམ་ལས་བྱས་ཤིང་། དཔལ་འབྱོར་དང་ཆབ་སྲིད། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་། མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་བསྐྲུན་ཡོད། རྒྱལ་སྤྱིའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སྤྱིའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། རྣམ་པ་གསར་བའི་ཚོང་རའི་རྒྱལ་ཁབ་ཀྱི་གཏམ་བརྗོད་དབང་ཆ་ཇེ་དྲག་ཏུ་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་ཁེ་ལས་ཀྱི་གཏན་འཇགས་སླར་གསོ་དང་འཕར་སྣོན་གྱི་ལམ་དུ་ཡང་བསྐྱར་ཞུགས་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར། 

ཧྲིན་པའོ་ལོ་ཀྲིག་འཛུགས་སློབ་ཆེན་གྱི་རྒྱལ་སྤྱིའི་ལས་དོན་གྱི་སློབ་གཙོ་གཞོན་པ་ཧྥོ་ལི་ལོས་ཀྱིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། གསེར་ལྡན་རྒྱལ་ཁབ་དག་གིས་ཁྱབ་ཁོངས་སོ་སོ་ནས་མཉམ་ལས་ལ་ཤུགས་སྣོན་བྱས་པ་དང་། ཁྱད་པར་དུ་ཚན་རྩལ་དང་བརྡ་འཕྲིན་ཐད་ཀྱི་བརྗེ་རེས་ལ་སྐུལ་འདེད་བཏང་། ཁོས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་བར་ཡུལ་བབ་ཀྱི་བར་ཁྱད་དང་རིག་གནས་མི་འདྲ་ཡང་། ཐུན་མོང་གི་འགྲན་རྩོད་རེ་འགར་གདོང་གཏད་དེ་ལག་རྡང་སྦྲེལ་ནས་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་ཟེར། 

ཐེངས་འདིའི་བྱ་འགུལ་ནི་གསེར་གྱོམ་རྒྱལ་ཁབ་ཀྱི་རིག་མཛོད་མཉམ་ལས་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཧྥུའུ་ཏན་སློབ་ཆེན་འཕེལ་རྒྱས་ཞིབ་འཇུག་ཁང་གསེར་གྱོམ་རྒྱལ་ཁབ་ཞིབ་འཇུག་ལྟེ་གནས། ཧྲིན་པའོ་ལོ་ཀྲིག་འཛུགས་སློབ་ཆེན་གྱིས་བསྒྲུབ་འགན་ཁུར་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།