ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་མགོ་ཁྲིད་པས་ཐུན་མོང་འགོག་སྲུང་ཆིངས་ཡིག་འགོད་པར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཁོ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཁ་པར་བརྒྱུད་དེ། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་འགོག་སྲུང་ཆིངས་ཡིག་འགོད་པར་གྲོས་བསྡུར་བྱས་ཟེར། 

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོས་ཉིན་དེའི་སྔ་དྲོར་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་འགོག་སྲུང་ཆིངས་ཡིག་བཀོད་ནས། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བར་གྲོས་བསྡུར་བྱས་ཟེར། ཐི་ལིང་ཕུའུ་ཡིས་བསྟན་དོན། དབྱི་སི་རལ་གྱི་འདེམ་བསྐོ་ཆེན་མོའི་རྗེས་སུ་མུ་མཐུད་དུ་འབྲེལ་ཡོད་གྲོས་བསྡུར་སྤེལ་དགོས་པའི་རེ་བ་བཏོན། 

དབྱི་སི་རལ་གྲོས་ཁང་གིས་ད་ལོའི་ཟླ་ལྔ་བར་གྲོས་མཐུན་བཀོད་པའི་གྲོས་གཞི་ལྟར་ན། དབྱི་སི་རལ་གྱིས་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་ཡང་བསྐྱར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད། 

ཐི་ལིང་ཕུའུ་ཡིས་འགན་ཁུར་བའི་ཚུན་ལ། ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་འབྲེལ་བ་མྱུར་མོར་ཇེ་བཟང་དུ་སོང་བ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར། ཐི་ལིང་ཕུའུ་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱེད་པར་མི་འཛེམ་པར། ཡེ་ལུའུ་སཱ་ལེམ་དེ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར། དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དེ་ཐི་ལཱ་ཝེ་ཧྥུའུ་ནས་ཡེ་ལུའུ་སཱ་ལེམ་དུ་གནས་སྤར། ད་ལོའི་ཟླ་གསུམ་པར་ཐི་ལིང་ཕུའུ་ཡིས་སྤྱི་སྒྲོག་སྤེལ་ཏེ་དབྱི་སི་རལ་གྱི་ཀི་ལན་མཐོ་སྒང་གི་བདག་དབང་དངོས་སུ་ཁས་ལེན་བྱས་པ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་དང་རྒོལ་གཏམ་དྲག་པོ་ཐེབས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།