ཀྲུང་གོ་བོད་ཀྱི་དྲ་བ།

​ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཧི་ཐེ་ཏཱའི་ལྷོ་ངོས་སུ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཉིན་དེར་མཚོ་དམར་འགྲམ་དུ་ཡོད་པའི་ཧི་ཐེ་ཏཱ་གྲོང་ཁྱེར་ལྷོ་ངོས་ཀྱི་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ནས། མི་སེར་དཀྱུས་མ་དགུ་རྐྱེན་ལམ་དུ་ཤོར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཡེ་མིན་ཧུའུ་སེ་དྲག་ཆས་པས་ཧི་ཐེ་ཏཱ་ནས་ལྷོ་ཕྱོགས་ཀྱི་ཐུའུ་ཧེ་ཐཱ་ས་ཁུལ་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་དགུ་རྐྱེན་ལམ་དུ་ཤོར་བ་ལས་གཞན། མི་བཅུར་རྨས་ཕོག རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད། དེའི་ནང་བུད་མེད་དང་བྱིས་པ་འདུས་ཟེར། 

ས་དེའི་སྡོད་དམངས་ཀྱིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉེ་སྔོན་ཡེ་མིན་སྲིད་གཞུང་དམག་དཔུང་གི་ཧི་ཐེ་ཏཱའི་དམག་དོན་སྒྲིག་ཆས་ལ་དམིགས་ཏེ་ཆམ་ཕབ་མང་དུ་བྱས་པ་དང་། མེ་སྒྱོགས་རེ་འགའ་སྡོད་དམངས་འདུས་སྡོད་ས་ཁུལ་དུ་ལྷུང་ནས་ཉེས་མེད་ཀྱི་མི་སེར་དཀྱུས་མར་ཤི་རྨས་བཟོས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།