ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་དབྱི་སི་རལ་གྱིས་མུ་མཐུད་དུ་དམག་དོན་གྲོས་མོལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་གྲོས་མོལ་བྱེད་སྐབས་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། མུ་མཐུད་དུ་ཨུ་རུ་སི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་གྲོས་མོལ་ལ་གྲོས་ཐག་གཅོད་རྒྱུ་རེད། 

ཉིན་དེར་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གཙོ་བོ་ཨེ་ཤ་ཡཱ་ནུབ་མ་དང་ཨ་ཧྥེ་རི་ཁ་གླིང་བྱང་མའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། གཙོ་བོ་སི་རི་ཡཱའི་གནད་དོན་ལ་དོ་སྣང་བྱས་པར་མ་ཟད། དོན་དངོས་འགུལ་སྐྱོད་ཁྲོད་ནས་དམ་འཛིན་བྱེད་པ་ལས་ངག་ཐོག་ནས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱེད་པ་མ་ཡིན། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་དབྱི་སི་རལ་དམག་ཕྱོགས་ཀྱི་གྲོས་མོལ་འཕེལ་རྒྱས་གནས་ཚུལ་བཟང་བ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ནེ་ཐཱ་ནི་ཡཱ་ཧུའུ་ཨུ་རུ་སིའི་ཉིས་སྟོང་ཉི་ཤུ་ལོར་སྤེལ་བའི་སུའུ་ལེན་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་པར་རེ་སྒུག་བྱས་ཡོད། ཕུའུ་ཅིན་གྱིས་ཀྱང་ཉིས་སྟོང་ཉི་ཤུའི་ལོར་དབྱི་སི་རལ་དུ་འཚམས་འདྲི་བྱས་ཏེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་འབྲེལ་ཡོད་རྗེས་དྲན་བྱ་འགུལ་ནང་ཞུགས་པར་གྲ་སྒྲིག་བྱེད་བཞིན་ཡོད། 

ཕུའུ་ཅིན་དང་གྲོས་མོལ་མ་བྱས་གོང་། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་བདེ་འཇགས་གནད་དོན་དང་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་སི་རི་ཡཱའི་རོགས་ལས་རྐྱེན་སྲོལ་གནད་དོན་ལ་གྲོས་བསྡུར་བྱས། 

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་བསྒྲགས་པའི་གསལ་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཕུའུ་ཅིན་དང་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་སི་རལ་དང་ཨུ་རུ་སིའི་དམག་དོན་རོགས་ལས་ལ་ཤུགས་སྣོན་པར་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་བཤད་རྒྱུར། ཉེ་སྔོན་དབྱི་ལིང་གིས་སི་རི་ཡཱའི་མངའ་ཁོངས་ནས་དབྱི་སི་རལ་ལ་དཔུང་འཇུག་མང་དུ་བྱས་པས། དབྱི་སི་རལ་གྱིས་ཆམ་ཕབ་འགུལ་སྐྱོད་སྤེལ་བཞིན་ཡོད་ལ། དེ་ལྟར་ཨུ་རུ་སི་ཡིས་ངེས་པར་དུ་དམག་དོན་རོགས་ལས་ལ་འགན་སྲུང་བྱས་ཏེ་འགལ་བ་འབྱུང་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།