ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕོ་ལན་དུF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སོ་གཉིས་ཕྱིར་འཚོང་བྱེད་པར་ཆོག་མཆན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་གཅིག་ཉིན་ཕོ་ལན་དུF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སོ་གཉིས་ཕྱིར་འཚོང་བྱེད་པར་ཆོག་མཆན་བཀོད་པ་དང་། སྤྱིའི་མ་དངུལ་མེ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་ལྔ་རེད། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་འགོག་སྲུང་བདེ་འཇགས་མཉམ་ལས་ཅུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཕོ་ལན་གྱིསF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་མུས་ཀི-29རྟགས་ཅན་དང་སུའུ-22རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་ཚབ་བྱེད་རྒྱུ་ཡིན་པ་དང་། དམག་ཆས་ཕྱིར་འཚོང་གན་རྒྱའི་ནང་དུ་ད་རུངF-35རྟགས་ཅན་དངF-135རྟགས་ཅན་གྱི་སྒུལ་འཁོར་སོ་གསུམ་འདུས་ཡོད་ཟེར། 

ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་རིགས་ཤིག་གིས་གསལ་སྒྲོག་ནང་བཤད་རྒྱུར། དམག་ཆས་ཕྱིར་འཚོང་དེ་ཕོ་ལན་གྱིས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པ་དང་། སྔོན་ཆད་ཀྱི་ཧྭ་ཧྲ་ཆིངས་ཡིག་གི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་མཚོན་ཆར་བརྟེན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བར་ཕན་ཐོགས་ཡོད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་དངོས་ཟོང་ཉོ་བསྡུའི་འཆར་གཞི་ཁྱབ་གདལ་དུ་བཏང་སྟེ། ཨ་མེ་རི་ཁ་ཕྱོགས་ཀྱིས་དམག་ཆས་ཕྱིར་འཚོང་གི་ཚད་བཀག་ཇེ་ལྷོད་དུ་བཏང་། ཟུར་ལྔའི་ཐོག་ཁང་ཆེན་མོས་ད་ལོའི་ཟླ་བཞི་བར་རྒྱལ་ཚོགས་ལ་བརྡ་བཏང་སྟེ། བྱང་ཆིངས་རྩ་འཛུགས་ཀྱི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཕོ་ལན་དང་ཞི་ལཱ། རོ་མཱ་ནི་ཡཱ། སི་ཕན། དེ་མིན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མིན་པའི་རྒྱལ་ཁབ་སིང་ག་ཕོར་བཅས་ལF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཕྱིར་འཚོང་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།