འཇར་མན་གྱིས་ལི་པུ་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་གཙོ་སྒྲུབ་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱ་རུ་སྡོད་པའི་འཇར་མན་གྱི་གཞུང་ཚབ་ཆེན་མོ་ཨོ་ཝ་ཚི་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། འཇར་མན་གྱིས་ད་ལོར་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་ལི་པུ་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་གཙོ་སྒྲུབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་སཱ་ལཱ་མུའུ་ཡིས་དེའི་སྔོན་གྲོས་ཚོགས་ཀྱི་འཆར་གཞི་ཞིག་སྤེལ་ཏེ། འབྲེལ་ཡོད་རྒྱལ་ཁབ་གདན་དྲངས་ནས་མཉམ་དུ་ལི་པུ་ཡཱའི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན་ཡང་། གྲོས་ཚོགས་ཀྱི་ས་གནས་གསལ་བོར་གླེང་མེད། 

ཨོ་ཝ་ཚི་ཡིས་བསྒྲགས་པ་ལྟར་ན། འཇར་མན་གྱིས་འབྲེལ་ཡོད་རྒྱལ་ཁབ་གཙོ་བོའི་གྲོས་མོལ་འཕེལ་རིམ་མགོ་བརྩམས་པ་དང་། ང་ཚོས་གྲ་སྒྲིག་གང་ལེགས་བྱས་ཏེ་ད་ལོའི་སྟོན་ཁར་ངོ་བོ་རང་བཞིན་ལྡན་པའི་རྒྱལ་སྤྱིའི་གྲོས་ཚོགས་ལ་སྐུལ་འདེད་གཏོང་ཐུབ་ཟེར། 

ཨོ་ཝ་ཚི་ཡིས་བཤད་རྒྱུར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་གྲོས་ཚོགས་ལ་ལི་པུ་ཡཱའི་གནས་བབ་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་སྤྱིའི་གཏན་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པའི་ཚུལ་བསྟན། 

ཕྱི་ཕྱོགས་འབྲེལ་བའི་མི་སྣས་བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ད་ལོའི་ཟླ་བཅུ་བ་དང་ཟླ་བཅུ་གཅིག་པར་འཇར་མན་གྱི་རྒྱལ་ས་པའོ་ལིན་ནས་སྤེལ་བའི་རེ་བ་ཡོད་པ་དང་། དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་སོ་སོས་ལི་པུ་ཡཱའི་མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་བྱེད་པར་སྐུལ་འདེད་གཏོང་བ་དང་ལི་པུ་ཡཱའི་རྒྱལ་ནང་གི་ཕྱོགས་ཁག་སོ་སོས་དབང་ཤུགས་མཉམ་སྤྱོད་ཆོག་པར་བྱས་ནས་མཇུག་མཐར་འདེམ་བསྐོའི་གྲོས་མོལ་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས། 

ལི་པུ་ཡཱའི་ཤར་ཕྱོགས་ས་ཁུལ་ཚོད་འཛིན་བྱེད་པའི་རྒྱལ་དམངས་དམག་དཔུང་ཞེས་པའི་དྲག་ཆས་པས་ད་ལོའི་ཟླ་བཞི་བ་ནས་བཟུང་རྒྱལ་ས་ཏི་ལོས་པའོ་ལི་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། རྒྱལ་སར་ཚོད་འཛིན་བྱེད་པའི་མི་རིགས་མཐུན་སྒྲིལ་གྱི་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།