ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧི་ཐེ་ཏཱའི་གྲོས་མཐུན་གྱི་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་གསར་བ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཉིས་ཉིན་རྒྱ་གར་གྱི་དམག་དཔུང་ལས་ཕྱིར་བུད་པའི་དམག་དཔོན་ཀུའུ་ཧཱ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་གྲོས་མཐུན་རོགས་སྐྱོར་ཆེད་མངག་ཚོགས་པའི་སྐབས་གསར་བའི་ཚོགས་གཙོར་དངོས་སུ་བསྐོ་འཇོག་བྱས། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བསྟན་དོན། ཀུའུ་ཧཱ་ཡིས་ཏན་མག་གི་དམག་དཔོན་ལོ་ལའེ་སི་ཀའོ་ཡི་ཚབ་ཏུ་ཧི་ཐེ་ཏཱའི་གྲོས་མཐུན་རོགས་སྐྱོར་ཚོགས་པའི་ཚོགས་གཙོའི་འགན་ཁུར་རྒྱུ་ཡིན་ཟེར། ཁོས་ལོ་ལའེ་སི་ཀའོ་ཡིས་འགན་ཡུན་ནང་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཞུས། 

ཀུའུ་ཧཱ་ཡིས་ད་རུང་ལོ་ལའེ་སི་ཀའོ་ཡི་ཚབ་ཏུ་ཡང་བསྐྱར་བཀོད་སྒྲིག་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་ནས། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་ཧི་ཐེ་ཏཱ་གྲོང་ཁྱེར་དང་ཧི་ཐེ་ཏཱ་སོགས་གྲུ་ཁ་ནས་དམག་དཔུང་ཕྱིར་འཐེན་པའི་དོན་ལ་མཐུན་སྦྱོར་བྱེད་པའི་འགན་ཁུར་རྒྱུ་རེད། 

ཀུའུ་ཧཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་འགུལ་སྐྱོད་པུའུ་དམག་དོན་ཐིན་གྱི་དམག་དོན་བློ་འདོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལག་རྩལ་དང་གསར་གཏོད་ཆེད་མཁས་པའི་ཚན་ཆུང་གི་ཁོངས་མི་སོགས་ཀྱི་འགན་ཁུར་མྱོང་། 

ཧི་ཐེ་ཏཱའི་གྲོས་མཐུན་ནི་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་དེའི་སྔོན་འཁྲུག་རྩོད་མཚམས་འཇོག་པ་དང་དམག་དོན་དཔུང་ཕྱིར་བྱེད་པའི་ཐད་ནས་བཀོད་པའི་གྲོས་མཐུན་ཡིན་ཞིང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་འཛིན་བྱེད་པའི་སྐོར་ཐེངས་གསར་བའི་ཡེ་མིན་གྱི་ཞི་བའི་གྲོས་མོལ་དེ་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་ནས་སྤེལ་བ་དང་། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་གྲོས་མོལ་འཐུས་མིས་འཁྲུག་རྩོད་མཚམས་འཇོག་པ་དང་བཟུང་དམག་བརྗེ་སྤོར་བྱེད་པ། ཧི་ཐེ་ཏཱའི་ཚོད་འཛིན་དབང་ཆ་སོགས་གྲོས་གཞི་གཙོ་བོའི་ཐད་ནས་གྲོས་མཐུན་བཀོད་པར་མ་ཟད། ཕྱོགས་གཉིས་ཀྱིས་ཧི་ཐེ་ཏཱ་ནས་འཁྲུག་རྩོད་མཚམས་འཇོག་པ་དང་དམག་དཔུང་ཕྱིར་འཐེན་བྱེད་པར་ཡིད་འཐད་བྱུང་། ད་ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་ཧི་ཐེ་ཏཱའི་གྲོས་མཐུན་གྱི་རོགས་སྐྱོར་ཚོགས་པ་འཛུགས་རྒྱུ་ཐག་བཅད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།