སྐབས་ལྔ་བའི་ཨ་ཧྥེ་རི་ཁ་གླིང་དུ་མ་དངུལ་གཏོང་བའི་གླེང་སྟེགས་ནས་ན་གཞོན་གྱི་ལས་ཞུགས་དང་དཔལ་འབྱོར་སྣ་མང་ཅན་ལ་དོ་སྣང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་ལྔ་བའི་ཨ་ཧྥེ་རི་ཁ་གླིང་དུ་མ་དངུལ་གཏོང་བའི་གླེང་སྟེགས་ཚེས་བཅུ་ཉིན་ཁོང་གོ་པུའུ་ཡི་རྒྱལ་ས་པུའུ་ལཱ་ཁྲེ་ཝེ་ཨར་ནས་སྤེལ་མགོ་བརྩམས། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོས་ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་གྱི་ལས་ཞུགས་དང་དཔལ་འབྱོར་སྣ་མང་ཅན་ལ་སྐུལ་འདེད་གཏོང་བ་སོགས་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས། 

སྐབས་འདིའི་གླེང་སྟེགས་ལ་ཁོང་གོ་པུའུ་སྲིད་གཞུང་དང་ཀྲུང་གོའི་ནོར་སྲིད་པུའུ། ཀྲུང་གོའི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་། འཛམ་གླིང་དངུལ་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ཞིང་། བརྗོད་སྙིང་ནི་མཉམ་ལས་ལ་ཤུགས་སྣོན་པ་དང་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་ལས་ཞུགས་དང་དཔལ་འབྱོར་སྣ་མང་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། གླེང་སྟེགས་ཀྱིས་ཆེད་དོན་གླེང་གཞི་ལྔ་བཀོད་སྒྲིག་བྱས་ཡོད་དེ། སོ་སོར་མི་ཤུགས་ཐོན་ཁུངས་གསར་སྤེལ་དང་གྲངས་ལྡན་དཔལ་འབྱོར་དང་གསར་སྤེལ། གཞུང་སྒེར་མཉམ་གཉེར་དང་ཚོང་གཉེར་ཁོར་ཡུག བཟོ་ལས་ཅན་དང་འཛམ་གླིང་ཡོངས་ཀྱི་རིན་ཐང་མུ་འབྲེལ། ནམ་ཟླ་དང་བློ་གྲོས་ནུས་ཁུངས་བཅས་རེད། 

ཁོང་གོ་པུའུ་ཡི་ཙུང་ཐུང་སཱ་སུའུ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཀྲུང་གོའི་དངུལ་གཏོང་མཁན་གྱིས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་འཕེལ་རྒྱས་ཀྱི་གོ་སྐབས་ལ་འཕྲད་ཡོད། ཀྲུང་གོ་དང་བཅས་པའི་མཉམ་ལས་གྲོགས་པོའི་བར་འབྲེལ་བ་བཟང་བོ་བཙུགས་ན་ད་གཟོད་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་ཐུབ་ཟེར། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་རང་དབང་ཉོ་ཚོང་ས་ཁུལ་བཙུགས་པ་ལས་ཕྱི་རྒྱལ་གྱི་ཁེ་ལས་མང་བོས་ཨ་ཧྥེ་རི་ཁ་གླིང་དུ་མ་དངུལ་གཏོང་བར་འགུག་ཐུབ་པ་དང་། ཨ་ཧྥེ་རི་ཁ་གླིང་གིས་རྒྱུན་ཆད་མེད་པར་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ཏེ། ལས་ཞུགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བཏང་ནས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཉིས་སྟོང་རེ་གསུམ་ལོའི་གྲོས་རིམ་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར། 

སྐབས་འདིའི་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་སྲིད་གཞུང་གི་དཔོན་རིགས། ཆེད་མཁས་པ། ཁེ་ལས་ཀྱི་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་གླེང་སྟེགས་ལ་ཞུགས། སྐབས་ཐོག་མའི་ཨ་ཧྥེ་རི་ཁ་གླིང་དུ་མ་དངུལ་གཏོང་བའི་གླེང་སྟེགས་དེ་ཉིས་སྟོང་བཅོ་ལྔ་ལོར་སྤེལ་བ་དང་། གླེང་སྟེགས་དེ་ལོ་རེར་ཐེངས་རེ་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།