ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བ་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་ཚོགས་མགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་སུ་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་ཉིན་རིམ་བཀོད་སྒྲིག་གསར་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བ་ཟླ་འདིའི་ཚེས་བཅུ་བདུན་ཉིན་ཚོགས་མགོ་རྩོམ་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་དེ་ཚེས་ཉེར་བཞིའི་ཉིན་ནས་བཟུང་སྤེལ་རྒྱུ་རེད། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ད་རུང་ནམ་ཟླའི་འགུལ་སྐྱོད་མཐོ་རིམ་གྲོས་ཚོགས་དང་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་སོགས་མཐོ་རིམ་གྲོས་ཚོགས་སྤེལ་རྒྱུ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་བརྗོད་སྙིང་ནི་ཕྱོགས་མང་བོས་འབད་བརྩོན་བྱས་ཏེ་དབུལ་ཕོངས་སེལ་བར་སྐུལ་མ་གཏོང་བ་དང་། སྤུས་ལེགས་སློབ་གསོ་དང་ནམ་ཟླའི་འགུལ་སྐྱོད། བཟོད་སྒོམ་རང་བཞིན་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་ཚོགས་འདུ་དེ་ཟླ་དགུ་བའི་ཚེས་ཉེར་བཞི་ཉིན་ནས་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་རྒྱལ་ཁབ་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་ཁྲིད་པ། མཐོ་རིམ་འཐུས་མི་བཅས་མི་བརྒྱ་ལྷག་གིས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འཇིགས་ཉེན་ཆེན་མོ་དང་འགྲན་རྩོད་ཐད་ནས་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 

ཉིན་རིམ་བཀོད་སྒྲིག་ལྟར་ན། ཉིས་སྟོང་བཅུ་དགུ་ལོའི་ནམ་ཟླའི་འགུལ་སྐྱོད་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་སྤེལ་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་ནམ་ཟླའི་འགྱུར་ལྡོག་གི་འགུལ་སྐྱོད་ལ་སྐུལ་འདེད་བཏང་ནས། ཕཱ་རེ་སིའི་གྲོས་ཆོད་དང་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དངོས་འབེབ་བྱེད་པའི་ཆེད་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱེད་རྒྱུ་རེད། 

རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་དེ་ཟླ་དགུ་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་རྒྱུ་རེད། དེ་ལས་གཞན་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་སྐབས་སུ་དམངས་ཡོངས་ལ་སྨན་བཅོས་འགན་སྲུང་གིས་ཁེབས་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་དངུལ་གསོག གླིང་ཕྲན་ཅན་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་སོགས་མཐོ་རིམ་བྱ་འགུལ་སྤེལ་རྒྱུ་རེད། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་བྱིས་པའི་ཁེ་དབང་སྤྱི་ཆིངས་ལ་གྲོས་འཆམ་བྱུང་ནས་ལོ་ངོ་སུམ་ཅུ་འགོར་བ་སོགས་ལ་དམིགས་ནས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།