ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་ཕྱོགས་རྒྱལ་ཁབ་དག་གི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་ལ་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་ཕྱོགས་མང་བོའི་སྐྱོན་འཛུགས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་གཉིས་པས་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དོན་སྙན་ཞུའི་ཐད་ནས་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་སྤེལ་བ་དང་། སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས། 

འཛམ་གླིང་ཞི་བདེ་ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་སོགས་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་ལ་ཐེ་གཏོགས་བྱས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་འགལ་ཡོད་པ་དང་། རང་ཐག་གཅོད་པའི་དབང་ཆ་དང་རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་པ་བཟོས་ཡོད་ཟེར། ཨ་མེ་རི་ཁའི་སྲིད་གཞུང་གིས་གླས་དམག་ལ་རོགས་སྐྱོར་བྱས་ཏེ་ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་དེ་ཡང་དོགས་གཞི་ཆེན་པོ་ཡོད་ཟེར། 

ན་གཞོན་ཞིབ་འཇུག་ལྟེ་གནས་ཀྱིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་ལ་དཔལ་འབྱོར་བཀག་སྡོམ་བྱེད་པ་དང་། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱས་པ། ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ཕྱིར་གཏོང་ལ་བཀག་རྒྱ་བཟོས་པ་སོགས་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་སྤྱད་པར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་ནས་སྲིད་འགྱུར་ལ་ངན་སྐུལ་བྱེད་པའི་བྱེད་ཐབས་ཀྱིས་ཝེ་ནེ་ཙུའེ་ལཱའི་མི་དམངས་དབུལ་ཕོངས་དང་རྒྱལ་ཁབ་ཟང་ཟིང་དུ་བསྒྱུར་ཡོད་ཟེར། 

རྒྱལ་སྤྱིའི་མཐུན་སྦྱོར་འདུམ་འགྲིག་ཚོགས་འདུ་ཡིས་ནུབ་ཕྱོགས་རྒྱལ་ཁབ་རེ་འགའི་གནས་སྤོར་སྡོད་དམངས་ཀྱི་བྱིས་པ་དག་ལྕགས་གཟེབ་ཏུ་བཅུག་པ་དང་། བཙན་གྱིས་གནས་སྤོར་སྡོད་དམངས་ཀྱི་ཁྱིམ་ཚང་ཁ་ཐོར་དུ་གཏོང་བ། གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་གྲུ་ཁར་ཡོང་དུ་མི་འཇུག་པ། གནས་སྤོར་སྡོད་དམངས་བཙན་གྱིས་འཐབ་འཁྲུག་མང་སའི་གནས་སུ་ཕྱིར་ལྡོག་བྱེད་པ་སོགས་གནས་སྤོར་སྡོད་དམངས་ཀྱི་ཁེ་ཕན་དང་འགལ་བའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་གྲུ་ཁར་ཡོང་དུ་འཇུག་དགོས་པར་མ་ཟད། ས་དཀྱིལ་མཚོ་ཁོངས་སུ་དཀའ་ཁག་ལ་འཕྲད་པའི་གནས་སྤོར་སྡོད་དམངས་སྔོག་བཤེར་བྱེད་པའི་འགུལ་སྐྱོད་ཁྲོད་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།