ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་དགུའི་ཉིན་སོ་སོར་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་སཱ་ཧྥུའུ་གཉིས་ལ་ཁ་པར་བཏང་སྟེ། སི་རི་ཡཱའི་གནད་དོན་དང་ཕྱོགས་གཉིས་ཀྱི་མཉམ་ལས་སོགས་ལ་གྲོས་བསྡུར་བྱས།
ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་དུས་བཅད་ལྟར་ཆཱ་ཝུའུ་ཧྲི་ཨོ་ལུའུ་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་གནད་དོན་གྱི་ཆབ་སྲིད་ཐག་གཅོད་འཕེལ་རིམ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་བར་གྲོས་བསྡུར་བྱས་པར་མ་ཟད། ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གྲོས་མོལ་བྱས་ཏེ་བཀོད་པའི་འབྲེལ་ཡོད་གྲོས་ཆོད་ཐད་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་དང་བྱ་བ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨ་སཱ་ཧྥུའུ་ལ་ཁ་པར་གཏོང་སྐབས། རྒྱལ་ཁབ་གཉིས་ཀྱི་ཕྱིན་ཆད་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱས། ཁོ་གཉིས་ཀྱིས་ད་རུང་སི་རི་ཡཱ་དང་ཡེ་མིན་འདུས་པའི་ས་ཁུལ་གྱི་གནད་དོན་གཙོ་བོ་རབ་དང་རིམ་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་བཤད་རྒྱུར། ཉིན་དེར་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་སཱ་ཧྥུའུ་གཉིས་ཀྱིས་ཁ་པར་གྲོས་མོལ་བྱེད་སྐབས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་བཤད་རྒྱུར། རྩ་ཁྲིམས་ཨུ་ཡོན་ལྷན་ཁང་དེ་ཟླ་འདིའི་ནང་སྒྲིག་འཛུགས་བྱེད་རྒྱུ་ཡིན་པ་དང་། བྱ་བ་སྤེལ་མགོ་རྩོམ་པའི་དུས་ཚོད་གཏན་འཁེལ་བྱས་ཡོད་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་སོ་སོར་ཐུར་ཁེ་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ལ་ཁ་པར་བཏང་སྟེ་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས།