མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་འབྲེལ་ཡོད་རྒྱལ་ཁབ་དག་གིས་ཕྱོགས་ཡོངས་ནས་ཉིང་རྡུལ་ནུས་པའི་ཚོད་ལྟ་གཏན་འགོག་བྱེད་པའི་ཆིངས་ཡིག་ལ་ཆོག་མཆན་འགོད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དགུའི་ཉིན་འབྲེལ་ཡོད་རྒྱལ་ཁབ་དག་གིས་མྱུར་མོར་ཕྱོགས་ཡོངས་ནས་ཉིང་རྡུལ་ནུས་པའི་ཚོད་ལྟ་གཏན་འགོག་བྱེད་པའི་ཆིངས་ཡིག་ལ་ཆོག་མཆན་འགོད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཉིང་རྡུལ་ནུས་པའི་ཚོད་ལྟ་གཏན་འགོག་བྱེད་པའི་རྒྱལ་སྤྱིའི་ཉིན་མོར་རྗེས་དྲན་བྱེད་པའི་མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། མིའི་རིགས་ཀྱིས་འདས་པའི་ལོ་ངོ་བདུན་ཅུའི་ནང་བསྡོམས་པས་ཉིང་རྡུལ་ནུས་པའི་ཚོད་ལྟ་ཐེངས་ཉིས་བརྒྱ་ལྷག་བྱས་པ་དང་། འཛམ་གླིང་ས་ཁུལ་སོ་སོའི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་བཟོས་པར་མ་ཟད། ས་དེའི་སྡོད་དམངས་ལ་ཡ་ང་བའི་མཇུག་འབྲས་ཚབས་ཆེན་བཟོས་ཡོད་ཟེར། 

ཁོས་བསྟན་དོན། ཕྱོགས་ཡོངས་ནས་ཉིང་རྡུལ་ནུས་པའི་ཚོད་ལྟ་གཏན་འགོག་བྱེད་པའི་ཆིངས་ཡིག་ནི་རྒྱ་ཆེར་རྒྱབ་སྐྱོར་ཐོབ་པའི་ཕྱོགས་མང་ཆིངས་ཡིག་ཅིག་ཡིན་ཡང་། ཉིང་རྡུལ་ནུས་པའི་ལག་རྩལ་ནུས་པ་ལྡན་པའི་རྒྱལ་ཁབ་རེ་འགས་སྔར་བཞིན་ཆིངས་ཡིག་དེར་ཆོག་མཆན་བཀོད་མེད་ལ། ཆིངས་ཡིག་དེ་ད་ལྟའི་བར་དངོས་སུ་ནུས་ལྡན་དུ་གྱུར་མེད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དུས་རབས་ཉེར་གཅིག་པའི་དེ་རིང་གི་དུས་འདིར། ཉིང་རྡུལ་ནུས་པའི་ཚོད་ལྟ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་ཉིང་རྡུལ་ནུས་པའི་ཚོད་ལྟ་གཏན་འགོག་བྱེད་པའི་ཆིངས་ཡིག་ནུས་ལྡན་དུ་འགྱུར་བར་བཀག་རྒྱ་བཟོ་བ་དེ་ཡང་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། 

ཕྱོགས་ཡོངས་ནས་ཉིང་རྡུལ་ནུས་པའི་ཚོད་ལྟ་གཏན་འགོག་བྱེད་པའི་ཆིངས་ཡིག་ནི་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲོས་འཆམ་བྱུང་བ་དང་། ལོ་དེའི་ཟླ་དགུ་བའི་ཚེས་ཉེར་བཞིའི་ཉིན་ནས་བཟུང་ཆོག་མཆན་འགོད་དུ་བཅུག་པ་ཡིན་ལ། ཀྲུང་གོ་ནི་ཆེས་ཐོག་མར་ཆིངས་ཡིག་དེ་བཀོད་པའི་རྒྱལ་ཁབ་ཅིག་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།